《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2023年01月27日

ཁྱད་ལྡན་ཐོན་ལས་དར་སྤེལ་བཏང་། གྲོང་གསེབ་དར་རྒྱས་རྣམ་པ་བཟང་།

—— བྲག་ཡིབ་ཆུས་དགུན་ཚང་མོན་པ་མི་རིགས་ཤང་གི་དཔལ་འབྱོར་མགྱོགས་མྱུར་འཕེལ་རྒྱས་ཕྱིན་པ།

ཉེ་བའི་ལོ་ཤས་རིང་། ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་དགུན་ཚང་མོན་པ་མི་རིགས་ཤང་གིས་གྲོང་གསེབ་དར་རྒྱས་ཀྱི་འཐབ་ཇུས་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་རྒྱུ་གོ་སྐབས་སུ་བྱས་ཏེ་ཚོང་འགུགས་མ་འདྲེན་དང་ཁྱད་ལྡན་རིག་གནས་ཐོན་ཁུངས་སྔོག་འདོན་སོགས་ཀྱི་བྱེད་ཐབས་སྤྱད་དེ་ཤིང་ཏོག་དང་། མོག་རོ། རླམ་རྩྭ་ཕོ་སུལ་བཅས་འདེབས་འཛུགས་དང་། བོད་ཕག་དང་བོད་བྱ་གསོ་ཚགས། དམངས་སྲོལ་རིག་གནས་ཡུལ་སྐོར་སོགས་ཀྱི་ཁྱད་ལྡན་ཐོན་ལས་ཡུལ་བབ་དང་མཐུན་པར་འཕེལ་རྒྱས་བཏང་ནས་ས་གནས་དེ་གའི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་འགྲོ་བར་སྐུལ་འདེད་བཏང་བ་རེད།

མོན་གྲོང་གྲོང་ཚོ།

མོན་གྲོང་གྲོང་ཚོ་ནི་གནས་སྤོས་གྲོང་ཚོ་ཞིག་ཡིན་ཞིང་། གནས་སྤོས་གྲོང་ཚོའི་ཆ་རྐྱེན་ཞན་པའི་གནས་ཚུལ་ལ་དམིགས་པ་དང་། མོན་གྲོང་གྲོང་ཚོའི་མང་ཚོགས་གནས་སྤོ་ཐུབ་པ་དང་། གཞིས་ཆགས་ཐུབ་པ། ཕྱུག་པོ་ཆགས་ཐུབ་པ་བཅས་ཡོང་ཆེད། ཉིང་ཁྲི་གྲོང་ཁྱེར་གྱི་རིམ་ཁག་ཏང་ཨུད་དང་སྲིད་གཞུང་གིས་མང་ཚོགས་ཀྱི་རེ་འདོད་ལྟར་འཕེལ་རྒྱས་གཏོང་བར་འཚམ་ཞིང་འབབ་འཕར་ཕྱུག་འགྱུར་ཡོང་བའི་ཐབས་ལམ་འཚོལ་རོགས་ཧུར་ཐག་བྱས་པ་རེད།

2019ལོའི་ཟླ་12ཚེས་31ཉིན། མོན་གྲོང་གྲོང་ཚོ་རྒྱལ་ཁབ་མི་རིགས་ལས་དོན་ཨུ་ལྷན་གྱིས“ཀྲུང་གོའི་གྲངས་ཉུང་མི་རིགས་ཀྱི་ཁྱད་ལྡན་གྲོང་ཚོ”ཁག་གསུམ་པར་བདམས་པ་ནས་བཟུང་། མོན་གྲོང་གྲོང་ཚོར་རང་ཉིད་ལ་འཚམ་པའི་འཕེལ་རྒྱས་ཀྱི་ལམ་བུ་ཞིག་རྙེད་པ་སྟེ་མོན་པ་རིགས་ཀྱི་ཁྱད་ལྡན་རིག་གནས་སྔོག་འདོན་བྱ་རྒྱུ་དེ་རེད། མོན་གྲོང་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་དབང་གྲགས་ཀྱིས“གྲོང་ཚོའི‘ཨུ་ལྷན་གཉིས’ཀྱི་ཚན་ཁག་དང་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གི་འབད་འཐབ་འོག གྲོང་ཚོ་ཡོངས་ཀྱིས་མོན་པའི་ཁྱད་ལྡན་ཡུལ་སྐོར་གྲོང་ཚོ་བཏོད་པ་དང་། ད་ཆ། གྲོང་ཚོའི་ནང་འཁྲབ་སྟོན་སྒྱུ་རྩལ་ལྟེ་གནས་བསྐྲུན་པ་མ་ཟད། ད་དུང་ཡུལ་སྐོར་གྱི་ལེ་ལག་ཚང་བའི་སྒྲིག་བཀོད་ཀྱང་འཐུས་སྒོ་ཚང་དུ་བཏང་ནས། གྲོང་མི་ཚོས་རིག་གནས་ཡུལ་སྐོར་གྱི་ཡོང་འབབ་གསོག་གི་ཡོད”ཅེས་བཤད།

“སྒོ་ར་སྒྱུར་བཀོད་ནི་ན་ནིང་མི་སྡོད་ཁོར་ཡུག་བཅོས་སྒྲིག་བྱེད་པའི་རྣམ་གྲངས་ཤིག་ཡིན་པས་དུད་ཚང་ཚང་མས་སྒྱུར་བཀོད་བྱེད་བཞིན་ཡོད། ངའི་ནང་གི་སྒོ་ར་ན་ནིང་སྐྲུན་འགོ་ཚུགས་ཤིང་། ཉེ་དུས་གཞི་ནས་ལས་མཇུག་སྒྲིལ་སོང་། ད་ལོ་མེ་ཏོག་འདེབས་ཀྱི་ཡིན” ན་ནིང་ཟླ་བདུན་པ་ནས་བཟུང་ལག་བསྟར་བྱས་པའི་མོན་གྲོང་གྲོང་ཚོའི་མི་སྡོད་ཁོར་ཡུག་བཅོས་སྒྲིག་རྣམ་གྲངས་དེ་ན་ནིང་ལོ་མཇུག་གོང་ལེགས་སྒྲུབ་ཟིན་ཞིང་། རྣམ་གྲངས་འདི་བསྐྲུན་པ་བརྒྱུད་མོན་གྲོང་གྲོང་ཚོའི་རྣམ་པ་སྤྱིའི་ཆ་ནས་ལེགས་སུ་འགྲོ་བ་མ་ཟད། ད་དུང་མང་ཚོགས་རྣམས་གྲོང་གསེབ་ཀྱི་ཡུལ་སྐོར་ལས་རིགས་འཕེལ་རྒྱས་ལ་ཞུགས་རྒྱུར་རྨང་གཞི་བརྟན་པོ་བཏིང་ཡོད་ཅེས་དབང་གྲགས་ཀྱིས་བཤད།

དགུན་ཚང་གྲོང་ཚོ།

དགུན་ཚང་གྲོང་ཚོ་ནི་རི་སྐྱེས་མོག་རོ་ནག་པོ་འདེབས་འཛུགས་ཀྱི་རྟེན་གཞི་ཞིག་ཡིན་ལ། མིག་སྔར་ན་ནིང་གི་མོག་རོ་འཐོག་ཐེངས་མཇུག་ཤོས་དེ་བཏོགས་ཟིན། ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་དགུན་ཚང་ཤང་ཏང་ཨུད་ཀྱི་ཧྲུའུ་ཅི་ཧུའུ་མོང་གིས“རྟེན་གཞི་འདིར་མུའུ་37ཡོད་པ་ལས་ན་ནིང་ལོར་མུའུ་5ལ་མོག་རོ་ཚོད་འདེབས་བྱས་པར་ལོ་ལེགས་བྱུང་ཡོད། ཉིན་འདི་དག་ནང་ལྷག་མ་མུའུ་32ལ་རླམ་རྩྭ་ཕོ་སུལ་འདེབས་རྩིས་བྱེད་ཀྱི་ཡོད”ཅེས་ངོ་སྤྲོད་བྱས་པ་རེད།

ཉེ་བའི་ལོ་གཉིས་ཚུན་དུ། དགུན་ཚང་གྲོང་ཚོའི་ཏང་ཀྲི་པུས“གྲོང་དར་དམངས་ཕྱུག”ལ་དམ་པོར་དམིགས་པ་དང་། གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་སྟོབས་ཆེར་གཏོང་བ་དང་མང་ཚོགས་ཀྱི་ཡོང་འབབ་འཕར་བར་བྱ་རྒྱུ་དམ་འཛིན་བྱ་གཞིར་མཐའ་འཁྱོངས་བྱས་ནས་འཕེལ་རྒྱས་ཀྱི་བསམ་ཕྱོགས་རྒྱུན་ཆད་མེད་པར་རྒྱ་སྐྱེད་དང་འཕེལ་རྒྱས་ཀྱི་ཐབས་ཇུས་ཞིབ་འཇུག་བྱས་ཏེ། དེ་སྔའི་འདེབས་འཛུགས་རྣམ་གྲངས་ཀྱི་རྨང་གཞིའི་ཐོག མུའུ་50ཡི་ཤིང་ཏོག་ཚུའེ་ལི་འདེབས་འཛུགས་དང་མུའུ་37ཡི་ནགས་གསེབ་མོག་རོ་དང་རླམ་རྩྭ་ཕོ་སུལ་འདེབས་འཛུགས་རྣམ་གྲངས་ཀྱང་ལག་བསྟར་བྱས་པ་རེད། རྣམ་གྲངས་གསར་པ་ལག་བསྟར་བྱས་པར་ཕན་འབྲས་ཐོན་པས་མང་ཚོགས་ལ་དུས་ཐུང་ནང་ཡོང་འབབ་རག་པ་དང་ཆབས་ཅིག ཁྱད་ལྡན་ཐོན་ལས་འཕེལ་རྒྱས་གཏོང་བའི་མང་ཚོགས་ཀྱི་གདེང་ཚོད་ཀྱང་སྔར་བས་བརྟན་དུ་ཕྱིན་ཡོད་པ་རེད།

དགུན་ཚང་གྲོང་ཚོའི་གཞོགས་གཅིག་ནས་དྲོད་ཁང་ཆེན་མོའི་སྒྱུར་བཀོད་རྣམ་གྲངས་ཛ་དྲག་ངང་སྤེལ་བཞིན་ཡོད་ལ། གཞོགས་གཞན་ཞིག་ནས་གྲོང་ཚོའི་ཉ་འཛིན་ཞིང་དུད་སྤྲོ་ཁང་རྣམ་གྲངས་ཀྱི་འཆར་འགོད་ཡག་པོ་བྱུང་ནས་ད་ལོའི་ལོ་འགོར་ཨར་སྐྲུན་བྱེད་འགོ་ཚུགས་རྒྱུ་ཡིན་པས། འདི་ལོ་དགུན་ཚང་གྲོང་ཚོ་ནས་རྣམ་པ་གསར་པ་ཞིག་མངོན་རྒྱུ་རེད།

“ཐོན་ལས་དར་རྒྱས”ནི་གྲོང་གསེབ་དར་རྒྱས་ཀྱི་བརྗོད་དོན་གཙོ་བོ་ཞིག་ཡིན་ལ། དགུན་ཚང་ཤང་གི་ལོ་འདི་དག་རིང་གི་གཙོ་གནད་ལས་དོན་ཡང་རེད། དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་རྒྱུ་དེ་གྲོང་གསེབ་དར་རྒྱས་དང་སྦྲེལ་མཐུད་ནུས་ལྡན་བྱེད་པའི་ཐད། ཤང་ཏང་ཨུད་ཀྱིས་ཤང་ཡོངས་ཀྱི་སྲིད་འཛིན་གྲོང་ཚོ་6གི་ཁྱད་ཆོས་གཞིར་བཟུང་གོ་སྐབས་དམ་འཛིན་གྱིས་རྒྱལ་ལམ་རྒྱུད་ཀྱི་ཡུལ་སྐོར་སྔོན་ལ་འཕེལ་རྒྱས་དང་ཚོང་འགུགས་མ་འདྲེན་བྱ་རྒྱུ་ཤུགས་རྒྱག་སར་བྱས་ནས་ཐོན་ལས་རྣམ་གྲངས་འཆར་འགོད་འཛུགས་སྐྲུན་བྱེད་ཤུགས་རྒྱུན་མཐུད་ཆེ་རུ་གཏོང་བ་དང་། ཐོན་ལས་རྣམ་གྲངས་ཀྱི་སྣེ་ཁྲིད་དང་སྐུལ་ཁྲིད་ནུས་པ་ཆེ་རུ་གཏོང་བ། གྲོང་གསེབ་འཕེལ་རྒྱས་ཀྱི་གསོན་ཤུགས་རྒྱུན་མཐུད་འཕེལ་བ་བཅས་བྱས་ནས། གྲོང་གསེབ་དར་རྒྱས་ཀྱི་ནང་སྐྱེས་སྒུལ་ཤུགས་ཆེ་རུ་བཏང་བ་རེད།

པད་མ་སྟེང་གྲོང་ཚོ།

དགུན་ཚང་མོན་པ་མི་རིགས་ཤང་པད་མ་སྟེང་གྲོང་ཚོར་ཡོད་པའི་བྲག་ཡིབ་ཆུས་དེང་རབས་ཞིང་ལས་ལྟ་སྐོར་ཁང་ནང་དྲོད་ཁང་ཆེན་མོ་བཅུ་ཕྲག་ཁ་ཤས་གྲལ་སྟར་འགྲིག་ཞིང་། དེའི་ནང་ཀྭ་རིགས་དང་། ཤིང་ཏོག སྔོ་ཚལ་སོགས་སྣ་ཁ་མང་པོ་སྐྱེ་འཚར་བཟང་བ་དང་། ལག་རྩལ་པ་གྲོང་མི་ཡེ་ཤེས་མཚོ་མོ་སོགས་ལས་ཀར་བྲེལ་བཞིན་མཆིས།

བྲག་ཡིབ་ཆུས་དེང་རབས་ཞིང་ལས་ལྟ་སྐོར་ཁང་པད་མ་སྟེང་གྲོང་ཚོར་བཙུགས་རྗེས། ཡེ་ཤེས་མཚོ་མོས་གོ་སྐབས་དམ་འཛིན་བྱས་པས་2019ལོར་ཁོ་མོ་དེང་རབས་ཞིང་ལས་ལྟ་སྐོར་ཁང་དེའི་ལག་རྩལ་པ་ཞིག་ཏུ་གྱུར། ལག་རྩལ་མི་སྣའི་མཛུབ་ཁྲིད་དང་རོགས་སྐྱོར་དང་དེ་བཞིན་རང་ཉིད་ཀྱི་འབད་འཐབ་འོག ད་ཆ་ཡེ་ཤེས་མཚོ་མོས་ཤིང་ཏོག་དང་སྔོ་ཚལ་འདེབས་འཛུགས་ཀྱི་ལག་རྩལ་མང་པོ་ཤེས་ནས་ཡོང་འབབ་བརྟན་པོ་ཡོད་པ་རེད། ཁོ་མོས་དེང་རབས་ཞིང་ལས་ལྟ་སྐོར་ཁང་དེའི་ནང་གི་དྲོད་ཁང་ཆེན་མོ་4ལ་དོ་དམ་བྱེད་འགན་འཁུར་ཡོད། དགུན་ཚང་ཤང་དུ། ཡེ་ཤེས་མཚོ་མོ་དང་འདྲ་བ་ཁེ་ལས་དེ་ལས་ཕན་པ་ཐོབ་མཁན་མང་ཚོགས་མང་པོ་ཡོད་པ་རེད།

མང་ཚོགས་ལ་སོ་སོའི་སྒོ་རྩ་ནས་ཐོན་ལས་ཀྱི་ཡོང་འབབ་བྱུང་བ་དེ་ནི་ལོ་འདི་དག་རིང་དགུན་ཚང་མོན་པ་མི་རིགས་ཤང་གི་གྲོང་གསེབ་དར་རྒྱས་ཀྱི་འཕེལ་རིམ་ཁྲོད་ཆེས་དགའ་འོས་པའི་འགྱུར་ལྡོག་ཅིག་ཏུ་གྱུར་ཡོད།

ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་དྲིལ་བསྒྲགས། ལག་བསྟར་བྱེད་པའི་ཚ་རླབས་ཁྲོད། མང་ཚོགས་ཀྱི་ལས་སྒྲུབ་ལས་གཏོད་ཀྱི་སྤྲོ་སེམས་སྔར་བས་འཕེལ་ནས། “ཐོན་ལས་དར་རྒྱས་དང་། སྐྱེ་ཁམས་གནས་འཕྲོད། ཡུལ་སྲོལ་བཟང་བ། བཅོས་སྒྲིག་ནུས་ལྡན། འཚོ་བ་འབྱོར་ཕྱུག”བཅས་གྲོང་གསེབ་དར་རྒྱས་ཀྱི་རྣམ་པ་བཟང་པོ་ཧུར་ཐག་གཏོད་བཞིན་ཡོད་པ་རེད།