《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2021年12月09日

འགོ་ཁྲིད་ལས་བྱེད་པས་མིག་དཔེའི་ནུས་པ་འདོན་དགོས།

བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ཕྱོགས་ཡོངས་དང་རྒྱུད་རིམ་ལྡན་པའི་སྒོ་ནས་ལག་བསྟར་བྱས་ཏེ། ཀྲུང་གོ་གུང་ཁྲན་ཏང་བོད་རང་སྐྱོང་ལྗོངས་འཐུས་མི་ཚོགས་ཆེན་ཐེངས་བཅུ་པའི་ཐོག་གཏན་འཁེལ་བྱས་པའི་འབད་འཐབ་དམིགས་ཚད་མངོན་འགྱུར་བྱེད་པར། “འགག་རྩའི་ཉུང་ཤས”ཡིན་པའི་ཏང་ཡོན་འགོ་ཁྲིད་ལས་བྱེད་པས་འགག་རྩའི་འགན་འཁྲི་འཁུར་དགོས་ཤིང་། ངེས་པར་དུ་མིག་དཔེའི་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས་སྣེ་ཁྲིད་དཔེ་སྟོན་དང་འབད་འཐབ་མདུན་སྐྱོད་བྱས་ཏེ། མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ལ་མཐུན་སྒྲིལ་སྣེ་ཁྲིད་ཀྱིས་མདུན་སྐྱོད་ལམ་བུའི་ཐོག་གི་དཀའ་ངལ་དང་ཉེན་ཁ་སྣ་ཚོགས་ལས་རྣམ་པར་རྒྱལ་བ་བྱས་ནས་དུས་རབས་གསར་པའི་བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས།

གཅིག་ནས་ཏང་ལ་ལྷག་བསམ་རྣམ་དག་མཐའ་གཅིག་ཏུ་བྱེད་རྒྱུ་མཐའ་འཁྱོངས་ཀྱིས་ཀུན་གྱི་སྣེ་ཁྲིད་དེ“སྲུང་སྐྱོང་གཉིས”ཐུབ་པ་བྱེད་པའི་མིག་དཔེ་འདོན་དགོས། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་ཐོག“གཏན་འཁེལ་གཉིས”ཀྱི་ཆབ་སྲིད་ཀྱི་ཆོད་གཏམ་གལ་ཆེན་བཞག་པ་དེ་ཐོག་ནས་ཏང་ཡོངས་དང་། དམག་ཡོངས། རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་བཅས་ཀྱི་ཐུན་མོང་གི་བསམ་འདུན་མཚོན་གྱི་ཡོད། དེ་ནི་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་གྱི་ཆབ་སྲིད་ཀྱི་གྲུབ་འབྲས་ཆེ་ཤོས་དང་ལོ་རྒྱུས་ཀྱི་ཉམས་མྱོང་གལ་ཆེ་ཤོས་ཤིག་ཡིན་པས་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལྡན་ཡོད། ང་ཚོས་ངེས་པར་དུ“སྲུང་སྐྱོང་གཉིས”དེ་ཆབ་སྲིད་ཀྱི་རྩ་དོན་ཆེ་ཤོས་དང་རྩ་བའི་ཆབ་སྲིད་ཀྱི་སྒྲིག་ལམ་ལ་བརྩིས་ཏེ་ཏན་ཏིག་ངང“འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བྱེད་པ། (པར་ངོས་གསུམ་པར་གཟིགས) (པར་ངོས་དང་པོར་མཐུད) ཆབ་སྲིད་ཀྱི་བརྡར་ཤ་གཅོད་ནུས་དང་། ཆབ་སྲིད་ཀྱི་གོ་རྟོགས་སད་ནུས། ཆབ་སྲིད་ཀྱི་ལག་བསྟར་བྱེད་ནུས་བཅས་ཟམ་མི་ཆད་པར་ཆེ་རུ་གཏོང་བ། རང་ཉིད་ཀྱི་ཐོབ་ཐང་དང་པོ་ནི་གུང་ཁྲན་ཏང་ཡོན་ཡིན་པ་དང་འགན་འཁྲི་དང་པོ་ནི་ཏང་གི་ཆེད་དུ་ལས་དོན་སྒྲུབ་དགོས་པ་བློ་ལ་བརྟན་པོར་ངེས་པ། བློ་བརྟན་འགྱུར་མེད་ངང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་ལ་མིག་བལྟོས་བཅས་བྱས་ནས་ཐོག་མཐའ་བར་གསུམ་དུ་བསམ་བློ་དང་། ཆབ་སྲིད། བྱ་སྤྱོད་བཅས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་རྒྱུན་འཁྱོངས་བྱེད་དགོས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་ལག་བསྟར་དོན་འཁྱོལ་བྱེད་པའི་ལས་ཀའི་ལམ་སྲོལ་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་བཏང་སྟེ། “སྲུང་སྐྱོང་གཉིས”ཏང་ཀྲུང་དབྱང་གི་ཐབས་ཇུས་དང་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་བྱེད་པའི་བྱ་སྤྱོད་ཞིབ་ཕྲ་ནས་མངོན་པ་དང་། འགན་འཁྲི་གཙང་སྒྲུབ་དང་རང་འཁྲིའི་ལས་དོན་ཡག་པོ་སྒྲུབ་པའི་ཕན་འབྲས་ནས་མངོན་པ། རྒྱུན་གཏན་གྱི་གཏམ་སྤྱོད་ནས་མངོན་པ་བཅས་བྱེད་པ་དང་། རང་རྟོགས་ངང་ཏང་ཀྲུང་དབྱང་གིས་དར་སྤེལ་བཏང་རིགས་མཐའ་གཅིག་ཏུ་དང་ལེན་དང་། ཏང་ཀྲུང་དབྱང་གིས་གཏན་འབེབས་བྱས་རིགས་མཐའ་གཅིག་ཏུ་ལག་བསྟར། ཏང་ཀྲུང་དབྱང་གིས་གཏན་འགོག་བྱས་རིགས་མཐའ་གཅིག་ཏུ་མི་སྒྲུབ་པ་བཅས་བྱས་ཏེ་བཀོད་པ་ལུང་དུ་འགྲོ་བའི་འགན་ལེན་བྱེད་དགོས། “རྒྱལ་ཁབ་ཀྱི་དོན་ཆེན”ཡིད་ལ་བཅངས་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་གིས་གང་ཞིག་ལ་དོ་ཁུར་བྱེད་པ་དང་། གང་ཞིག་ལ་ནན་བཤད་བྱེད་པ། གང་ཞིག་ལ་སྐུལ་འདེད་གཏོང་བ་བཅས་དུས་དང་རྣམ་པ་ཀུན་ཏུ་ཤེས་པར་བྱེད་པ་དང་། རང་རྟོགས་ངང་ཏང་དང་རྒྱལ་ཁབ་ཀྱི་ལས་དོན་སྤྱི་ཡོངས་ནས་ལྗོངས་ཡོངས་ཀྱི་ལས་དོན་ཁག་ལ་ཞིབ་འཇུག་བསམ་གཞིག་དང་ཇུས་འགོད་བཀོད་སྒྲིག་བྱས་ཏེ། ཁྱབ་ཁོངས་གཅིག་ལ་གཟི་བརྗིད་སྣོན་ཐུབ་པ་དང་ཁྱབ་ཁོངས་ཡོངས་ལ་བཀྲག་མདངས་དེ་བས་ཀྱང་སྣོན་ཐུབ་པའི་འབད་བརྩོན་བྱེད་དགོས། ཏང་ལ་མཐའ་གཅིག་ཏུ་ལྷག་བསམ་རྣམ་དག་བྱེད་པའི་ཆབ་སྲིད་ཀྱི་གཤིས་སྤྱོད་ལ་རྒྱུན་ཆད་མེད་པར་ཞུན་བརྡར་བཏང་སྟེ། ལྷག་བསམ་རྣམ་དག་ཁྲག་རྒྱུན་དུ་འདྲེས་པ་དང་། བྱ་གཞག་ནས་མངོན་པ། ས་གཞི་ཆེན་པོར་འབྲི་བ་བཅས་བྱས་ནས་ཏང་དང་མི་དམངས་ལ་ལྷག་བསམ་ཟོལ་མེད་དང་། ཏང་གི་ཕུགས་བསམ་དང་དད་སེམས་ལ་ལྷག་བསམ་ཟོལ་མེད། ཏང་གི་ཐོག་མའི་བསམ་འདུན་དང་འགན་འཁྲིར་ལྷག་བསམ་ཟོལ་མེད། ཏང་རྩ་འཛུགས་ལ་ལྷག་བསམ་ཟོལ་མེད། ཏང་གི་རིགས་པའི་གཞུང་ལུགས་དང་། ལམ་ཕྱོགས། མཛད་ཕྱོགས། སྲིད་ཇུས་བཅས་ལ་ལྷག་བསམ་ཟོལ་མེད་དངོས་འབྲེལ་བྱེད་དགོས། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པ་ཆབ་སྲིད་ཀྱི་ལས་འགན་ཨང་དང་པོར་བརྩིས་ཏེ་གོ་བ་ལོན་པ་དང་། ཁོང་དུ་ཆུད་པ། དངོས་སུ་སྒྲུབ་པ་བཅས་ལ་མུ་མཐུད་ཤུགས་སྣོན་རྒྱག་པ་དང་། ཕྱོགས་ཡོངས་དང་བརྒྱུད་རིམ་ལྡན་པའི་སྒོ་ནས་སྦྱོང་བ་དང་། ཇི་མ་ཇི་བཞིན་དུ་སྦྱོང་བ། དོན་དངོས་དང་ཟུང་འབྲེལ་གྱིས་སྦྱོང་བ་བཅས་བྱས་ཏེ། དེར་འདུས་པའི་མར་ཁེ་སི་རིང་ལུགས་ཀྱི་ལངས་ཕྱོགས་ལྟ་བ་དང་བྱ་ཐབས་ཁོང་དུ་ཧུར་ཐག་ཆུད་པར་བྱས་ནས་དད་སེམས་ཀྱི་རྨང་གཞི་བརྟན་པོ་འཛུགས་པ་དང་། སྙིང་སྟོབས་ཀྱི་འཚོ་བཅུད་ཡོངས་སུ་གསབ་པ། བསམ་བློའི་ཁ་ཕྱོགས་བརྟན་པོ་འཛིན་པ་བཅས་ཐུབ་པར་བྱེད་དགོས། ཆབ་སྲིད་ཀྱི་སྒྲིག་ཁྲིམས་དང་ཆབ་སྲིད་ཀྱི་སྒྲིག་ལམ་ནན་པོ་བསྲུངས་ནས། ཏང་ནང་ཁུལ་གྱི་ཆབ་སྲིད་འཚོ་བ་ནན་དུ་གཏོང་བ་དང་སྐྱོན་བརྗོད་དང་རང་སྐྱོན་རང་བརྗོད་ཀྱི་མཚོན་ཆ་འདི་བེད་སྤྱོད་ཡག་པོ་བྱས་ཏེ་ཆབ་སྲིད་ཀྱི་འགོག་ནུས་ཇེ་ཆེར་གཏོང་དགོས། ཕུགས་བསམ་དང་དད་སེམས་བརྟན་དུ་བཏང་ནས་གུང་ཁྲན་ཏང་མིའི་སྒལ་རུས་འདྲོང་པོ་ཡོང་བར་བྱས་ཏེ། རང་རྟོགས་ངང་གུང་ཁྲན་རིང་ལུགས་ཀྱི་རྒྱང་རིང་ཕུགས་བསམ་དང་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཐུན་མོང་ཕུགས་བསམ་ལ་བློ་བརྟན་འགྱུར་མེད་ངང་དད་པ་བྱེད་མཁན་དང་ལྷག་བསམ་རྣམ་དག་ངང་ལག་ལེན་བྱེད་མཁན་ཞིག་བྱེད་དགོས།

གཉིས་ནས་མང་ཚོགས་ཀྱི་ལམ་ཕྱོགས་མཐའ་འཁྱོངས་ཀྱིས་ཀུན་གྱི་སྣེ་ཁྲིད་དེ་དམངས་ལ་སྲིད་བརྩོན་གྱི་མིག་དཔེ་འདོན་དགོས། རྒྱལ་སྲིད་ནི་མི་དམངས་དང་མི་དམངས་ནི་རྒྱལ་སྲིད་རེད། རང་རྟོགས་ངང་མི་དམངས་ཀྱི་ལངས་ཕྱོགས་སུ་བརྟན་པོར་ལངས་བ་དང་། ཏང་གི་རྩ་བའི་དམིགས་ཡུལ་ལག་ལེན་བསྟར་ནས་ཐོག་མཐའ་བར་གསུམ་དུ་མི་དམངས་སྙིང་དབུས་སུ་འཇོག་པ། མང་ཚོགས་ཉེ་འགྲམ་གྱི་དོན་ཆུང་ཏང་ཨུད་དང་སྲིད་གཞུང་གི་དོན་ཆེན་ལ་བརྩི་བ་བཅས་བྱས་ནས་མི་དམངས་ལ་ཞབས་འདེགས་ཞུ་མཁན་ཡག་པོ་ཞིག་བྱེད་དགོས། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་མཐའ་འཁྱོངས་དང་། དམངས་འཚོ་ལེགས་གཏོང་དང་མི་སེམས་གཅིག་སྒྲིལ་བྱེད་རྒྱུ་འགོ་འཛུགས་ས་དང་དོན་ལ་འབབ་སར་བརྩི་བ། མང་ཚོགས་ཀྱི་ཡོང་འབབ་མང་དུ་གཏོང་བ་དང་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཧེ་བག་ཆུང་དུ་གཏོང་བ་གཙོ་རྒོལ་ཁ་ཕྱོགས་སུ་བྱེད་པ། དམངས་འཚོའི་ཁེ་ཕན་མང་ཙམ་དོན་གཉེར་དང་དམངས་འཚོའི་སེམས་ཁྲལ་མང་ཙམ་སེལ་བ། སེམས་ནུས་ཡོད་རྒུས་མང་ཚོགས་ཀྱི་འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག་བཅས་ཀྱི་གནད་དོན་ཐག་གཅོད་ཡག་པོ་བྱས་ཏེ་མང་ཚོགས་ཀྱི་འཚོ་བར་རེ་བ་ཡོད་པ་དང་། མདུན་ལམ་ཡོད་པ། ཕན་འབྲས་ཡོད་པ་བཅས་བྱེད་དགོས། མི་དམངས་ཀྱི་གནས་བབ་གཙོ་བོ་མཐའ་འཁྱོངས་ཀྱིས་མང་ཚོགས་ཀྱི་ལངས་ཕྱོགས་དང་ཟུར་ཚད་ནས་གནད་དོན་ལ་བསམ་བློ་གཏོང་མཁས་པ་དང་། ཐབས་ཇུས་འདོན་མཁས་པ། དོན་དག་སྒྲུབ་མཁས་པ་བཅས་བྱས་ཏེ་དམངས་འདུན་བརྟག་དཔྱད་དང་ཐབས་ཇུས་བློ་འདྲི་སོགས་ཀྱི་ལམ་སྲོལ་བཙུགས་ནས་ཐབས་ཇུས་ཁག་དམངས་ཀྱི་འདོད་བློ་དང་མཐུན་པ་དང་དོན་དངོས་དང་མཐུན་པའི་འགན་ལེན་བྱེད་དགོས། དམངས་ལ་བཅངས་པའི་བརྩེ་སེམས་བརྟན་སྲུང་གིས་མི་རིགས་ཁག་གི་མང་ཚོགས་ཀྱི་དོ་ཁུར་བྱེད་ས་དེ་ལས་དོན་གྱི་ཤུགས་རྒྱག་སར་བརྩིས་ནས། དོན་དངོས་དང་ཟུང་འབྲེལ་དམ་ཟབ་དང་གཞི་རིམ་དང་མང་ཚོགས་ཀྱི་ཁྲོད་དུ་བརྟག་དཔྱད་ཞིབ་འཇུག་བྱེད་པར་བསྐྱོད་དེ་མང་ཚོགས་ཀྱི་འབོད་སྒྲ་ཟོལ་མེད་ངང་ཉན་པ་དང་། མང་ཚོགས་ཀྱི་བསམ་འདུན་ཇི་མ་ཇི་བཞིན་དུ་ཞུ་བ། མང་ཚོགས་ཀྱི་དཀའ་སྡུག་ལ་བརྩེ་བ་ཟབ་མོས་སེམས་ཁུར་བྱེད་དགོས། རིམས་ནད་སྔོན་འགོག་དང་ཚོད་འཛིན་དང་། བདེ་འཇགས་ཐོན་སྐྱེད། གནོད་འཚེ་སྔོན་འགོག་དང་ཉུང་གཏོང་སོགས་ཀྱི་ལས་དོན་ཁག་ལ་དམ་འཛིན་ཏན་ཏིག་བྱས་ཏེ་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་མཐའ་གཅིག་ཏུ་སྲུང་སྐྱོང་བྱེད་དགོས།

གསུམ་ནས་དམ་པ་དོན་གཉེར་མཐའ་འཁྱོངས་ཀྱིས་ཀུན་གྱི་སྣེ་ཁྲིད་དེ་འགན་འཁུར་ཕོད་པའི་མིག་དཔེ་འདོན་དགོས། སྟོང་གཏམ་གྱིས་རྒྱལ་དོན་འཕྱུག དོན་དམ་གྱིས་རྒྱལ་ཁབ་དར། འགན་འཁྲིའི་འདུ་ཤེས་ཟབ་ཏུ་བཏང་ནས། རང་ཉིད་དངོས་སུ་ཞུགས་པ་དང་། འགན་འཁྲི་འཁུར་ཕོད་པ། བྱས་རྗེས་འཇོག་པ། མང་ཚོགས་ཀྱི་མདུན་དུ་སྐྱོད་པ། བྱ་གཞག་དངོས་སྒྲུབ་པ་བཅས་ཀྱིས་དངོས་སྒྲུབ་ཐད་རིམ་པ་གཅིག་གིས་རིམ་པ་གཅིག་ལ་སྣེ་ཁྲིད་དང་ལག་ལེན་ཐད་རིམ་པ་གཅིག་གིས་རིམ་པ་གཅིག་ལ་མིག་དཔེ་བསྟན་ཏེ། གཟེར་འདེབས་ཀྱི་སྙིང་སྟོབས་ལ་བརྟེན་ནས་ལས་དོན་དོན་འཁྱོལ་ལ་དམ་འཛིན་ཡག་པོ་བྱེད་དགོས། ལས་གནས་ནི་འགན་འཁྲི་ཡིན་པ་བློ་ལ་བརྟན་པོར་ངེས་ཏེ་རང་འགན་ནན་སྒྲུབ་དང་། བློ་གཅིག་སེམས་གཅིག་གིས་སྤྱི་དོན་སྒྲུབ་པ། འབད་བརྩོན་ལས་བཀུར་གྱི་ལས་ཀའི་རྣམ་པ་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས། དཀའ་ངལ་དང་འགན་འཁྲིར་མི་གཡོལ་བར་ཏང་གི་འཐུས་མི་ཚོགས་ཆེན་ཐོག་བཀོད་པའི་བརྗིད་ཆེའི་འཆར་གཞི་དེ་ཉིད་མཛེས་སྡུག་ལྡན་པའི་དོན་དངོས་སུ་ཧུར་ཐག་སྒྱུར་དགོས། ལུས་ཚུགས་ནས་དོན་འཁྱོལ་ལ་དམ་འཛིན་དང་མཁྲེགས་སར་གཏུག་ཕོད་པ་བྱེད་དགོས་ཤིང་། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དང་ལྗོངས་ཏང་ཨུད་ཀྱི་ལས་ཀའི་བླང་བྱ་འཕྲལ་མ་ཉིད་དུ་སྒྲུབ་པ་དང་། དོན་དངོས་དང་གྲུབ་འབྲས་ལ་བརྟེན་ནས་སྐད་ཆ་ཤོད་པ་ལས་ལྟ་བ་དང་། སྒུག་པ། འགྱངས་པ་བཅས་ཀྱིས་དམག་འཐབ་ཀྱི་གོ་སྐབས་བཟང་པོ་མི་ཤོར་བར་བྱེད་དགོས། ཁ་ནས་བཤད་པ་ལག་ལེན་བྱས་པར་བརྩི་མི་རུང་བ་དང་སྒྲུབ་པ་གྲུབ་པར་གཏན་ནས་བརྩི་མི་རུང་། བྱ་ཐབས་ཡང་དག་པ་དང་། འོས་ཤིང་འཚམ་པ། འཇོན་ཐང་ལྡན་པ་བཅས་དང་། ཅི་ཞིག་བྱེད་པ་གསལ་པོ་ཤེས་པ་དང་། ཇི་ལྟར་བྱེད་པ་ཤེས་པ། ཇི་ལྟར་བྱས་ན་ཡག་པོ་སྒྲུབ་ཐུབ་པ་ཤེས་པ། སྤྱི་ཡོངས་ལ་སྟངས་འཛིན་དང་། བརྒྱུད་རིམ་ལྡན་པའི་ཇུས་འགོད། ཁྱོན་ཡོངས་ནས་སྐུལ་སྤེལ་བཅས་ཀྱི་བྱེད་ཐབས་གལ་ཆེན་དང་། ལས་དོན་གལ་ཆེན། རྣམ་གྲངས་གལ་ཆེན་བཅས་ལ་དམ་འཛིན་བྱེད་མཁས་པ། ངོ་བོར་དམ་འཛིན་དང་། རྩ་གནད་ལ་དམ་འཛིན། འགལ་ཟླ་གཙོ་བོར་དམ་འཛིན་བཅས་བྱེད་མཁས་པ། ཞན་ཆའི་ལྷུ་ཚིགས་དང་ཀོ་བ་སྲབ་ས་ཡང་དག་འཚོལ་བ། ལས་ཀ་རྣམ་གྲངས་ཅན་དང་། ཇུས་གཞི་ཅན། གསལ་ཐོ་ཅན་བཅས་སུ་སྒྱུར་བ། འཆར་གཞི་དང་འཆར་འགོད་ལས་སྒྲུབ་དང་དངོས་ལྗོངས་སུ་སྒྱུར་བ། ཁྲིམས་སྐྱོང་གི་བསམ་བློ་དང་། ཁྲིམས་སྐྱོང་གི་བྱེད་སྟངས། ཁྲིམས་སྐྱོང་གི་བྱེད་ཐབས་བཅས་སྤྱད་དེ་ལས་དོན་ཁག་ལ་ཚད་བརྒལ་གསར་པ་ཡོང་བར་སྐུལ་འདེད་གཏོང་དགོས། བློ་ཁོག་ཆེན་པོས་བསམ་བློར་བཅིངས་འགྲོལ་གཏོང་བ་དང་། གསར་གཏོད་བྱེད་ཕོད་པ། རང་འགུལ་ངང་བྱ་སྤྱོད་སྤེལ་བ། གསར་འབྱེད་ཡར་བརྩོན་བཅས་བྱས་ཏེ་ལྷ་ཤིང་ཤུག་པ་བྲག་ལ་ཚུགས་པ་ལྟར་གྱི་སྙིང་སྟོབས་ལ་བརྟེན་ནས་མདུན་སྐྱོད་བྱེད་དགོས།

བཞི་ནས་དམངས་གཙོ་གཅིག་སྡུད་ལམ་ལུགས་མཐའ་འཁྱོངས་ཀྱིས་ཀུན་གྱི་སྣེ་ཁྲིད་དེ་མཐུན་སྒྲིལ་ལས་སྒྲུབ་ཀྱི་མིག་དཔེ་འདོན་དགོས། མཐུན་སྒྲིལ་ལས་གོང་བུ་སྒྲིལ་ནུས་དང་། འཐབ་འཛིང་བྱེད་ནུས། ཐོན་སྐྱེད་བྱེད་ནུས་བཅས་འབྱུང་བ་ཡིན་ལ། ལས་བྱེད་པའང་འབྱུང་བ་ཡིན། འགོ་ཁྲིད་ལས་བྱེད་པས་རྡོག་རྩ་གཅིག་སྒྲིལ་གྱིས་ལས་དོན་སྒྲུབ་པར། ཏང་གི་བྱ་གཞག་གཙོ་བོར་འཛིན་པ་དང་། རྒྱལ་ཁབ་ཀྱི་སྤྱི་ཡོངས་གཙོ་བོར་འཛིན་པ། མི་དམངས་ཀྱི་ཁེ་ཕན་གཙོ་བོར་འཛིན་པ། “མཐུན་སྒྲིལ། ཛ་དྲག གཟབ་ནན། འཁྲུག་པོ”བཅས་ཀྱི་རྣམ་པ་བཟང་པོ་ཧུར་ཐག་གཏོད་པ། ཀུན་གྱི་སྣེ་ཁྲིད་དེ་མཐུན་སྒྲིལ་ལ་ཤུགས་སྣོན་དང་། མཐུན་སྒྲིལ་སྲུང་སྐྱོང་། མཐུན་སྒྲིལ་ཟབ་ཏུ་གཏོང་བ། ལྗོངས་ཏང་ཨུད་ཀྱི་ཚན་ཁག་གི་མཐུན་སྒྲིལ་ལ་བརྟེན་ནས་ལྗོངས་ཡོངས་ཀྱི་གོང་འོག་དང་ཕྱོགས་ཁག་ཚང་མའི་མཐུན་སྒྲིལ་ལ་སྐུལ་ཁྲིད་བྱས་ཏེ་བསམ་ཇུས་གཅིག་གི་རྣམ་པར་བརྟེན་ནས་ལས་དོན་ལ་དམ་འཛིན་དང་། བློ་གཅིག་སེམས་གཅིག་གིས་བྱ་གཞག་སྒྲུབ་པ། ནུས་ཤུགས་ཡོད་རྒུ་བཏོན་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་རྣམ་པ་བཟང་པོ་ཞིག་ཆགས་པར་བྱས་ནས། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པའི་རླབས་ཆེན་བྱ་གཞག་མདུན་ཕྱོགས་སུ་འཕེལ་རྒྱས་འགྲོ་རྒྱུར་ཐུན་མོང་ཐོག་སྐུལ་འདེད་གཏོང་དགོས། རྩ་དོན་ལྟར་བྱ་བ་མཐའ་འཁྱོངས་སྒྲུབ་པ་དང་། དམངས་གཙོ་གཅིག་སྡུད་ལམ་ལུགས་ལག་བསྟར་ནན་པོ། དམངས་གཙོ་རྨང་གཞིར་བྱས་པའི་གཅིག་སྡུད་དང་གཅིག་སྡུད་ཀྱི་ཁྲིད་སྟོན་འོག་གི་དམངས་གཙོ་ཟུང་འབྲེལ་དང་ཐུན་མོང་གི་འགོ་ཁྲིད་དང་མི་སྒེར་གྱི་ལས་བགོས་འགན་འཁུར་ཟུང་འབྲེལ་མཐའ་འཁྱོངས་བྱེད་དགོས་ཤིང་། དམངས་གཙོ་དར་སྤེལ་དང་། བློ་བསྡུས་དགེ་འཚོལ། དྲང་པོ་དྲང་གཞག ལྷག་བསམ་ཟོལ་མེད་བཅས་བྱེད་པ་མ་ཟད། གཅིག་སྡུད་གཅིག་གྱུར་མཐའ་འཁྱོངས་བྱས་ཏེ་རྩ་འཛུགས་ཀྱི་འདོད་བློ་དང་། ཐུན་མོང་གི་འདོད་བློ། ཏང་གི་འདོད་བློ་ལྟར་ལས་དོན་སྒྲུབ་པ་དང་། རང་འགན་རང་འཁུར། དོན་ཆེན་སྒྲུབ་སྐབས་རྩ་དོན་ལ་སྣང་ཆེན་དང་དོན་ཆུང་སྒྲུབ་སྐབས་སྤྱོད་བཟང་དར་སྤེལ་གཏོང་བ་བཅས་བྱས་ནས། ཐབས་ཇུས་ཚན་རིག་དང་མཐུན་ཞིང་དམངས་གཙོ་ལྡན་པ་དང་། ལག་ལེན་མཐའ་གཅིག་ཏུ་བསྟར་ཞིང་ནུས་པ་ལྡན་པ། བྱ་བ་སྒྲུབ་དུས་ཁྲིམས་མཐུན་དང་ལས་ཕྱོད་ཆེ་བ་བཅས་དངོས་གནས་ཐུབ་པར་བྱེད་དགོས། ཚན་པའི་མཐུན་སྒྲིལ་ལ་ཤུགས་སྣོན་བརྒྱབ་སྟེ་རང་བཞིན་བཟང་བའི་མི་ཞིག་བྱེད་པ་དང་། རང་འགན་ཇི་བཞིན་ལས་དོན་སྒྲུབ་པ། རྩ་དོན་སྲུང་བ་ལས་ངོ་སོར་མི་ལྟ་བ། ཏང་གཤིས་ལ་སྣང་ཆེན་བྱེད་པ་ལས་སྒེར་འབྲེལ་ལ་མི་བསམ་པ། དོན་དག་འཕྲད་སྐབས་འབྲེལ་གཏུག་མང་ཙམ་དང་། གྲོས་བསྡུར་མང་ཙམ། དྲན་སྐུལ་མང་ཙམ། རོགས་རམ་མང་ཙམ་བཅས་བྱས་ནས། སྒྲིག་མཐུན་ཚུལ་ལྡན་གྱི་གོང་འོག་འབྲེལ་བ་དང་། དྭངས་ཤིང་གཙང་བའི་བློ་མཐུན་གྱི་འབྲེལ་བ། ཁ་གསལ་གཏིང་གསལ་གྱི་ལས་ཀའི་འབྲེལ་བ། ཉེ་གཙང་གི་སྲིད་ཚོང་འབྲེལ་བ་བཅས་འཛུགས་དགོས།

ལྔ་ནས་ཀུན་སྤྱོད་ལ་བརྟེན་ནས་རང་བཀུར་མཐའ་འཁྱོངས་ཀྱིས་ཀུན་གྱི་སྣེ་ཁྲིད་དེ་སྤྱོད་གཙང་གཞུང་དྲང་གི་མིག་དཔེ་འདོན་དགོས། སྤྱོད་བཟང་ནི་གུང་ཁྲན་ཏང་མིའི་གཞི་རྩའི་བློ་སྦྱོང་དང་རང་ཚུགས་ཀྱི་རྩ་བ་རེད། ཀུན་སྤྱོད་ལ་བརྟེན་ནས་རང་གཅུན་བྱེད་པར། ཏང་འཛུགས་སྐྱོང་གི་སྙིང་སྟོབས་རླབས་པོ་ཆེ་དང་། “ལམ་གཉིས”ཀྱི་སྙིང་སྟོབས། བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས། ཁུང་ཧྥན་སེན་གྱི་སྙིང་སྟོབས་བཅས་ལ་བརྟེན་ནས་ཏང་གཤིས་ཀྱི་བློ་སྦྱོང་ཟབ་ཏུ་གཏོང་བ་དང་། ཏང་ལ་བློ་དཀར་སེམས་དཀར་བྱེད་པའི་ཀུན་སྤྱོད་དང་། མི་དམངས་ལ་བདེ་སྐྱིད་སྐྲུན་པའི་ཀུན་སྤྱོད། རང་གཅུན་ནན་པོ་བྱེད་པའི་ཀུན་སྤྱོད་བཅས་ལ་རྒྱུན་ཆད་མེད་པར་ཞུན་བརྡར་གཏོང་བ། གུས་སྐྲག་ཤེས་པ་དང་། དོགས་ཟོན་དང་དངངས་སྐྲག་ཡོད་པ། མཐའ་ཚད་སྲུང་བ། དབང་ཆ་དང་། མང་ཚོགས། ཏང་གི་སྒྲིག་ཁྲིམས་དང་རྒྱལ་ཁབ་ཀྱི་བཅའ་ཁྲིམས་བཅས་ལ་སྔ་ཕྱི་བར་གསུམ་དུ་གུས་སྐྲག་གི་བསམ་པ་འཆང་བ། བསླུ་བྲིད་དང་། ལྐོག་ཇུས། “སྐོར་རྔོན”བཅས་ལ་ཐོག་མཐའ་བར་གསུམ་དུ་དོགས་སེམས་བཅངས་ནས་བསམ་བློ་དང་ཀུན་སྤྱོད་ཀྱི་འགོག་སྲུང་འཛིང་རགས་དང་། ཏང་གཤིས་རྩ་དོན་གྱི་མཐའ་ཚད། ཁྲིམས་སྲོལ་དང་སྒྲིག་ཁྲིམས་ཀྱི་དམར་ཐིག་བཅས་མཐའ་གཅིག་ཏུ་བརྟན་སྲུང་བྱེད་དགོས། སྤྱོད་བཟང་ལ་བརྟེན་ནས་སྤྱོད་གཙང་སྐྱོང་བ་དང་། དུས་དང་རྣམ་པ་ཀུན་ཏུ་རང་བརྩི་རང་བརྟག་རང་གཟབ་རང་སྐུལ་དང་། རང་ཟོན་སྔ་ཟོན་ཆུང་ཟོན་འདོད་ཟོན་བྱེད་པ། ཀུན་གྱི་སྣེ་ཁྲིད་དེ་ཁྲིམས་ལྟར་དབང་ཆ་སྤྱོད་པ་དང་། གཟབ་ནན་གྱིས་དབང་ཆ་སྤྱོད་པ། དྲང་གཞག་གིས་དབང་ཆ་སྤྱོད་པ། དམངས་དོན་དུ་དབང་ཆ་སྤྱོད་པ། ཀུན་གྱི་སྣེ་ཁྲིད་དེ་བླ་ན་མེད་པའི་ཀུན་སྤྱོད་བརྩོན་ལེན། ཀུན་གྱི་སྣེ་ཁྲིད་དེ་སྤྱི་ཚོགས་འབྲེལ་བའི་ཁྱབ་ཁོངས་དང་། འཚོ་བའི་ཁྱབ་ཁོངས། གྲོགས་ཚོགས་བཅས་དྭངས་གཙང་ཡོང་བ། ཀུན་གྱི་སྣེ་ཁྲིད་དེ་ཕྱོགས་གང་ཅིའི་ཐད་ནས་ལྟ་སྐུལ་དང་དྲན་སྐུལ་དང་ལེན་ཞུ་བ་བཅས་བྱས་ནས་གུང་ཁྲན་ཏང་མིའི་ཆབ་སྲིད་ཀྱི་རང་མདངས་ནམ་ཡང་མི་ཉམས་པར་བྱེད་དགོས། ཀུན་སྤྱོད་ལ་བརྟེན་ནས་མི་གསོ་སྐྱོང་བྱེད་པར། ཀུན་གྱི་སྣེ་ཁྲིད་དེ་དམིགས་བསལ་དབང་ཆའི་བསམ་བློ་དང་དམིགས་བསལ་དབང་ཆའི་བྱ་སྤྱོད་ལ་ངོ་རྒོལ་དང་། ཀུན་གྱི་སྣེ་ཁྲིད་དེ་ཁྱིམ་སྲོལ་བཟང་པོ་དང་སྤྱོད་ཚུལ་བཟང་པོ་སྐྱེད་སྲིང་བྱས་ནས་རང་ཉིད་ལ་དོ་དམ་ཡག་པོ་བྱེད་པ་དང་ཆབས་ཅིག་ནང་མི་དང་། གཉེན་ཉེ། གྲོགས་པོ། ལས་གྲོགས་བཅས་ལ་སློབ་གསོ་དང་དོ་དམ་ནན་པོ་བྱས་ཏེ། མི་གཞན་ལ་སྒྲུབ་དགོས་པའི་བླང་བྱ་བཏོན་རིགས་འགོ་ཁྲིད་ལས་བྱེད་པས་སྔོན་ལ་སྒྲུབ་ཐུབ་པ་དང་མི་གཞན་ལ་བསྒྲུབ་མི་རུང་བའི་བླང་བྱ་བཏོན་རིགས་འགོ་ཁྲིད་ལས་བྱེད་པས་རང་འགུལ་ངང་མ་བསྒྲུབས་པར་བག་ཡོད་ཚུལ་ལྡན་དང་། རྒྱུ་རྔན་ཟས་གནོངས་མེད་པ། སྤྱོད་གཙང་སྲིད་གཙང་ལ་བརྩོན་པ་བཅས་ཀྱི་མི་ཞིག་དངོས་འབྲེལ་བྱེད་ཐུབ་པར་བྱེད་དགོས།

དྲུག་ནས་ཏང་ནན་པོས་སྐྱོང་བ་མཐའ་འཁྱོངས་ཀྱིས་ཀུན་གྱི་སྣེ་ཁྲིད་དེ་ཏང་ལ་དོ་དམ་དང་ཏང་བཅོས་སྐྱོང་གི་མིག་དཔེ་འདོན་དགོས། སྤྱོད་ཚུལ་འཛུགས་སྐྱོང་ལ་ནམ་ཡང་ཚར་དུས་མེད། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་ཆབ་སྲིད་ཀྱི་འགན་འཁྲི་དོན་འཁྱོལ་ནན་པོ་བྱེད་པར། ཆབ་སྲིད་ཀྱི་ངེས་ཤུགས་རྒྱུན་འཁྱོངས་ཀྱིས་ནན་པའི་རྩ་བའི་དགོངས་གཞི་ཡུན་རིང་མཐའ་འཁྱོངས་དང་། སྟོབས་ཤུགས་གཅིག་སྒྲིལ་གྱིས་ཆབ་སྲིད་ལྟ་སྐུལ་གྱི་ལས་འགན་ཨང་དང་པོར་དམིགས་པ། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་ལག་ལེན་བསྟར་བར་ལྟ་སྐུལ་ཞིབ་བཤེར་དང་འགན་འཁྲི་བདའ་འདེད་གཏོང་བའི་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་ནས་ལག་བསྟར་བཅས་བྱས་ཏེ། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་ལས་དོན་གཏིང་ཟབ་དང་ཏན་ཏིག་ངང་སྤེལ་བར་སྐུལ་འདེད་གཏོང་དགོས། ཏང་གིས་ལས་བྱེད་པར་དོ་དམ་བྱེད་པའི་རྩ་དོན་མཐའ་འཁྱོངས་ཀྱིས་ཆབ་སྲིད་ཀྱི་ཚད་གཞི་ཨང་དང་པོར་བཞག་ནས་མི་བཀོལ་སྤྱོད་བྱེད་པའི་སྟོན་ཕྱོགས་ཡང་དག་འཛུགས་པ་དང་ལྷོད་གཡེང་སྤུ་ཙམ་ཡང་མི་གཏོང་བར་ཚན་ཁག་ལ་དམ་འཛིན་དང་དཔུང་ཁག་ལ་སྣེ་ཁྲིད་བྱེད་དགོས། དོ་དམ་ནན་པོ་དང་བརྩེ་བ་ཟབ་མོ་གཅིག་གྱུར་བྱས་ཏེ་འཇོན་ཐང་ལ་གཞིགས་ནས་ལས་བྱེད་པ་སྤྱོད་པ་དང་གྲུབ་འབྲས་ལ་གཞིགས་ནས་དཔའ་བོ་དཔྱད་གླེང་བྱེད་པ་དང་། དར་ཆ་གསལ་སྟོན་གྱི་སྒོ་ནས་དངོས་སྒྲུབ་བྱས་རྗེས་འཇོག་མཁན་ལ་གཟེངས་བསྟོད་བྱེད་པ། སྒྱུར་བཅོས་ཧུར་ཐག་བྱེད་མཁན་ལ་རྒྱབ་སྐྱོར་བྱེད་པ། འཚོལ་ཞིབ་བྱེད་ཕོད་མཁན་ལ་སྐུལ་མ་གཏོང་བ། ཆབ་སྲིད་ལ་སྣང་ཆུང་བྱས་པ་ལས་འགན་འཛོལ་བྱུང་མཁན་ཕྱིར་འབུད་བྱེད་པ། ཁྲིམས་འགལ་སྒྲིག་འགལ་བྱེད་མཁན་ལ་ཆད་པ་གཅོད་པ་བཅས་ཀྱིས་དངོས་འབྲེལ་དཀའ་སྤྱད་ལས་བརྩོན་བྱེད་མཁན་ལ་སྣང་ཆེན་བྱེད་པ་དང་། བྱས་རྗེས་འཇོག་མཁན་ལ་གོ་གནས་ཡོད་པ། འཇོན་ཐང་ཡོད་མཁན་བསྐོ་སྤྱོད་བྱེད་པ། ཕུལ་བྱུང་བར་གཟིགས་སྐྱོང་ཐོབ་པ་བཅས་བྱེད་དགོས། རྒྱུན་སྲིང་ལྷོད་མེད་ཀྱི་སྒོ་ནས“སྤྱོད་ཚུལ་བཞི”ཡོ་བསྲང་བྱས་ཏེ། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་དང་དེའི་ལག་བསྟར་ཞིབ་སྲོལ་གྱི་དགོངས་དོན་དང་ལྗོངས་ཏང་ཨུད་ཀྱི་ལག་བསྟར་བྱ་ཐབས་དོན་འཁྱོལ་ནན་པོ་བྱས་ནས་ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་གཏན་འགོག་དང་། གཞི་རིམ་དུ་བརྟག་ཞིབ་བྱེད་པར་ཐད་ཀར་འཐབ་ས་དང་པོར་སྐྱོད་པ་དང་གནད་དོན་ལ་ཐད་ཀར་གཏུག་པ། ཚོགས་འདུ་འཚོག་སྐབས་ཚོགས་འདུ་ཐུང་ངུ་འཚོག་པ་དང་གཏམ་བཤད་ཐུང་ངུ་བྱེད་པ། ཡིག་ཆ་འདོན་སྐབས་འགག་རྩ་མངོན་གསལ་དོད་པ་དང་ལག་ལེན་ལ་ཁྲིད་སྟོན་བྱེད་པ། ལྟ་ཞིབ་དང་དཔྱད་ཞིབ་བྱེད་སྐབས་ལས་རིམ་སྟབས་བདེར་གཏོང་བ་དང་བཀོལ་སྤྱོད་ཚད་ལྡན་ཡོང་བ་བཅས་ཀྱིས་ལས་ཀ་དོན་འཁྱོལ་ལ་སྐུལ་སྤེལ་གཏོང་ཐུབ་ལ་གཞི་རིམ་གྱི་ཁུར་པོའང་ཡང་དུ་གཏོང་ཐུབ་པར་བྱེད་དགོས། ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ལ་དམིགས་བསལ་རང་བཞིན་གང་ཡང་མེད་པའི་བསམ་བློ་བརྟན་པོ་བཙུགས་ཏེ། རུལ་སུངས་བྱེད་མི་ཕོད་པ་དང་། རུལ་སུངས་བྱེད་མི་རུང་བ། རུལ་སུངས་བྱེད་མི་འདོད་པ་བཅས་ཀྱི་སྒྲིག་སྲོལ་ལམ་སྲོལ་འཛུགས་སྐྱོང་ལ་སྡེབ་གཅིག་ཏུ་སྐུལ་འདེད་བཏང་སྟེ། རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ལ་ཟིལ་གནོན་རང་བཞིན་གྱི་རྒྱལ་ཁ་ཐོབ་པ་དང་འབྲེལ་ཕྱོགས་ཡོངས་ནས་སྲ་བརྟན་དུ་འགྲོ་བར་སྐུལ་འདེད་ཀྱང་གཏོང་དགོས། འགོ་ཁྲིད་བློ་མཐུན་གྱིས་ཚད་ཤིང་གི་འདུ་ཤེས་ཟབ་ཏུ་གཏོང་བ་དང་། ཏང་གི་སྒྲིག་ཡིག་དང་ཏང་གི་སྒྲིག་ཁྲིམས་དང་སྒྲིག་སྲོལ་ལ་བརྩི་སྲུང་ཞུ་བ། མི་དམངས་དང་། རྩ་འཛུགས། བཅའ་ཁྲིམས་དང་སྒྲིག་ཁྲིམས་བཅས་ལ་གུས་སྐྲག་ཞུ་བ། ཀུན་གྱི་སྣེ་ཁྲིད་དེ་ཆབ་སྲིད་ཀྱི་ཁོར་ཡུག་བཟང་པོ་སྐྲུན་མཁན་དང་། སྐུལ་འདེད་གཏོང་མཁན། སྲུང་སྐྱོང་བྱེད་མཁན་བཅས་བྱས་ནས་བློ་དཀར་སེམས་དཀར་དང་། སྤྱོད་གཙང་། འགན་འཁྲི་འཁུར་ཕོད་པ་བཅས་ཀྱི་འགོ་ཁྲིད་ལས་བྱེད་པ་ངོ་མ་ཞིག་བྱེད་དགོས།

བཙན་འགག་སྲབ་མོ་རེད་ཅེས་མ་སྨྲོས་ཤིག དེ་རིང་གོམ་ཞེང་ཆེན་པོས་ཡང་བསྐྱར་སྐྱོད། རྒྱུགས་འབུལ་ལམ་བུ་གསར་པར་ང་ཚོས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་སྔར་བས་མཐུན་སྒྲིལ་དམ་ཟབ་བྱས་ཏེ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་མཐའ་འཁྱོངས་དང་། བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་བློ་བརྟན་འགྱུར་མེད་ངང་མཐའ་གཅིག་ཏུ་ལག་བསྟར། ལྷག་བསམ་རྣམ་དག་གིས་རང་འགན་གཙང་སྒྲུབ། བློ་རྩ་བརྟན་པོས་ཡར་རྒྱས་བརྩོན་ལེན། ལྗོངས་ཡོངས་ཀྱི་རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་དང་མི་རིགས་ཁག་གི་མང་ཚོགས་ལ་མཐུན་སྒྲིལ་སྣེ་ཁྲིད། མཐུན་སྒྲིལ་དང་། འབྱོར་ཕྱུག ཤེས་དཔལ། ཞི་མཐུན། མཛེས་སྡུག་བཅས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་ཕྱོགས་ཡོངས་ནས་འཛུགས་སྐྲུན། རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པའི་ཐོག་གཏན་འཁེལ་བྱས་པའི་དམིགས་ཚད་ལས་འགན་ཕུན་སུམ་ཚོགས་པོའི་ངང་ལེགས་གྲུབ་ཐུབ་པའི་འགན་ལེན་བཅས་བྱས་ཏེ། ཏང་ཀྲུང་དབྱང་ཐུགས་བློ་བདེ་བ་དང་ལྗོངས་ཡོངས་ཀྱི་མི་དམངས་བློ་ཡིད་ཚིམ་པའི་རྒྱུགས་ལན་ཞིག་ཧུར་ཐག་འབུལ་བ་དང་ཕུལ་བྱུང་གི་གྲུབ་འབྲས་ལ་བརྟེན་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པ་རྒྱལ་ཁའི་ངང་འཚོག་རྒྱུར་བསུ་བ་ཞུ་དགོས།