《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2021年11月22日

ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱེད་རྒྱུ་མཐའ་འཁྱོངས་དང་ཏང་གི་ཆོས་ལུགས་ལས་དོན་གྱི་གཞི་རྩའི་མཛད་ཕྱོགས་དོན་འཁྱོལ་ནན་པོ་བྱས་ནས་བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་གྱི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་དགོས།

ཟླ་11ཚེས་20ཉིན་གྱི་སྔ་དྲོ། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་བོད་ལྗོངས་ནང་བསྟན་སློབ་གླིང་དུ་བརྟག་ཞིབ་གནང་བར་ཕེབས་ནས་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་སྒྲོག་འགྲེལ་གནང་ཞིང་། འདི་ནི་སྒྲོག་འགྲེལ་ཚོགས་འདུ་འཚོག་ཡུལ་ཡིན་པ།

ཟླ་11ཚེས་20ཉིན་གྱི་སྔ་དྲོ། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་བོད་ལྗོངས་ནང་བསྟན་སློབ་གླིང་དུ་བརྟག་ཞིབ་གནང་བར་ཕེབས་ནས་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་སྒྲོག་འགྲེལ་གནང་ཞིང་། འདི་ནི་ཝང་ཅུན་ཀྲེང་གིས་བོད་ལྗོངས་ནང་བསྟན་སློབ་གླིང་གི་ལས་བྱེད་ལས་བཟོ་དང་། དཔེ་ཆའི་དགེ་རྒན། སློབ་མའི་འཐུས་མི་བཅས་དང་བྱམས་བརྩེའི་ངང་བཀའ་མོལ་གནང་བཞིན་པ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་11ཚེས་20ཉིན་གནས་ཚུལ་འབྱོར་གསལ། ཚེས་20ཉིན་གྱི་སྔ་དྲོ། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་བོད་ལྗོངས་ནང་བསྟན་སློབ་གླིང་དུ་བརྟག་ཞིབ་གནང་བར་ཕེབས་ནས་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་སྒྲོག་འགྲེལ་གནང་བ་རེད།

ཝང་ཅུན་ཀྲེང་སློབ་གཞི་འགྲེམས་སྟོན་ཁང་དང་། ལོ་ཆུང་སྤྲུལ་སྐུའི་འཛིན་གྲྭ བཙུན་མའི་ཚན་ཁག དཔེ་དེབ་དང་ཚད་ལྡན་ཡིག་ཆ་ལྟེ་གནས་བཅས་སུ་ཕེབས་ནས་སློབ་མའི་སློབ་སྦྱོང་དང་འཚོ་བའི་གནས་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་ཞིང་། བོད་ལྗོངས་ནང་བསྟན་སློབ་གླིང་གི་ལས་བྱེད་ལས་བཟོ་དང་། དཔེ་ཆའི་དགེ་རྒན། སློབ་མའི་འཐུས་མི་བཅས་དང་བཞུགས་མོལ་སྤེལ་རེས་གནང་བ་དང་བོད་ལྗོངས་ནང་བསྟན་སློབ་གླིང་གི་སློབ་གཉེར་གནས་ཚུལ་སྐོར་གྱི་སྙན་སེང་གསན་པ་རེད།

ཝང་ཅུན་ཀྲེང་གིས་གསུངས་དོན། ལྗོངས་ཡོངས་ཀྱི་འཐབ་ཕྱོགས་གཅིག་གྱུར་དང་མི་རིགས་ཆོས་ལུགས་སྡེ་ཚན་ཁག་དང་ཚན་པ་ཁག་གིས་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་ཁྱོན་ཡོངས་དང་བརྒྱུད་རིམ་ལྡན་པའི་སྒོ་ནས་སློབ་སྦྱོང་དང་ལག་བསྟར་བྱས་ཏེ་ཏང་གི་ལོ་བརྒྱའི་འབད་འཐབ་ཀྱི་རླབས་ཆེན་ལོ་རྒྱུས་གྲུབ་འབྲས་དང་། (པར་ངོས་གསུམ་པར་གཟིགས) (པར་ངོས་དང་པོར་མཐུད) བོད་ཞི་བས་བཅིངས་འགྲོལ་བཏང་ཚུན་གྱི་དུས་ཐུང་ལོ་ངོ་བདུན་ཅུའི་རིང་ལོ་ངོ་སྟོང་གི་མཆོང་སྐྱོད་ཀྱི་ལོ་རྒྱུས་ཀྱི་འཕོ་འགྱུར་ཆེན་པོ། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བོད་ཀྱི་ལས་དོན་ཁག་ལ་ཕྱོགས་ཡོངས་ནས་ཡར་རྒྱས་བྱུང་བ་དང་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་པ་བཅས་ཀྱི་ཁྲོད་ནས་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་ནི་མཁས་མཛངས་ལྡན་ལ་ཡང་དག་པ་དང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་ནི་མཁས་མཛངས་ལྡན་ལ་ཡང་དག་པ། “གཏན་འཁེལ་གཉིས”ཀྱིས་དུས་རབས་གསར་པའི་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་དང་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེའི་ལོ་རྒྱུས་འཕེལ་རིམ་ལ་སྐུལ་འདེད་གཏོང་བའི་ཐད་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལྡན་པ་བཅས་ལ་མྱོང་ཚོར་ཟབ་མོ་ཐུབ་པ་བྱས་ཏེ། རྒྱ་ཆེའི་གྲྭ་བཙུན་དང་དད་ལྡན་མང་ཚོགས་ཚོར་བསམ་བློ་དང་བྱ་སྤྱོད་དེ་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་ཐོག་གཅིག་གྱུར་ཡོང་བར་བྱས་ནས་བློ་བརྟན་འགྱུར་མེད་ངང་ཏང་གི་བཀའ་ལ་ཉན་པ་དང་། ཏང་གི་བཀའ་དྲིན་ཚོར་བ། ཏང་གི་རྗེས་སུ་འབྲང་བ་བཅས་བྱེད་པར་ཁྲིད་སྟོན་བྱེད་དགོས།

ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་ཆོས་ལུགས་ལས་དོན་དེ་གནས་བབ་གལ་ཆེན་ཐོག་བཞག་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཆོས་ལུགས་ལས་དོན་ཐད་མཛུབ་སྟོན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་ཐེངས་མང་གནང་སྟེ་ང་ཚོས་དུས་རབས་གསར་པར་ཆོས་ལུགས་ལས་དོན་ཡག་པོ་སྒྲུབ་པར་རྩ་བའི་གཞི་འཛིན་ས་མཁོ་འདོན་གནང་ཡོད། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ཁྲིད་སྟོན་དུ་བྱ་རྒྱུ་མཐའ་འཁྱོངས་དང་། ཏང་གི་ཆོས་ལུགས་ལས་དོན་སྐོར་གྱི་གཞི་རྩའི་མཛད་ཕྱོགས་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་དོན་འཁྱོལ་ནན་ཏན། ཏང་གི་ཆོས་དད་རང་མོས་ཀྱི་སྲིད་ཇུས་ཕྱོགས་ཡོངས་ནས་ལག་བསྟར། ཁྲིམས་ལྟར་ཆོས་ལུགས་ལས་དོན་ལ་དོ་དམ། རང་ཚུགས་དང་། རང་རྟེན། རང་གཉེར་བཅས་ཀྱི་རྩ་དོན་མཐའ་འཁྱོངས་བཅས་བྱས་ནས་ཆོས་ལུགས་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་འཚམ་མཐུན་ཡོང་བར་ཁྲིད་སྟོན་ཧུར་ཐག་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བཏོན་གནང་བའི“ཆབ་སྲིད་ཐད་བློས་འཁེལ་བ་དང་། ཆོས་ལུགས་ཐད་ཐོས་བསམ་ཟབ་པ། སྤྱོད་ལམ་ཐད་དམངས་མགུ་བ། འགག་རྩའི་དུས་སུ་ནུས་པ་ཐོན་པ”བཅས་ཀྱི་བཀའ་སློབ་ནན་པོ་རྒྱ་ཆེའི་གྲྭ་བཙུན་རྣམས་ཀྱིས་ལག་ལེན་ཧུར་ཐག་བསྟར་བར་ཁྲིད་སྟོན་བྱས་ཏེ། བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་དགེ་མཚན་ལྡན་པའི་ནུས་པ་འདོན་དགོས།

ཆབ་སྲིད་ཐད་བློས་འཁེལ་བ་བྱེད་དགོས་ཤིང་། “འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ།“སྲུང་སྐྱོང་གཉིས”ཐུབ་པ་བཅས་བྱས་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་གི་ཐུགས་ཁུར་དང་བྱམས་སྐྱོང་དེ་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་དགོངས་པའི་མོས་སེམས་དང་། ཆབ་སྲིད་ཀྱི་མོས་སེམས། བརྩེ་སེམས་ཀྱི་མོས་སེམས་བཅས་སུ་འགྱུར་བ་བྱས་ནས། རང་རྟོགས་ངང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སྲོག་ཤིང་གི་གནས་བབ་དང་གཙོ་འཛིན་གྱི་གནས་བབ་སེམས་ལ་བརྟན་པོར་ངེས་པར་བྱེད་དགོས། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་དུ་གཏོང་བ་དང་ཀྲུང་ཧྭ་མི་རིགས་ཀྱི་མོས་སེམས་ཆེ་རུ་བཏང་སྟེ། མིག་འབྲས་ལ་གཅེས་སྤྲས་བྱེད་པ་བཞིན་མི་རིགས་མཐུན་སྒྲིལ་ལ་གཅེས་སྤྲས་དང་ཚེ་སྲོག་ལ་བརྩི་མཐོང་བྱེད་པ་བཞིན་མི་རིགས་མཐུན་སྒྲིལ་ལ་བརྩི་མཐོང་བྱེད་དགོས། རྒྱལ་གཅེས་ཀྱི་སྙིང་སྟོབས་དར་སྤེལ་ཤུགས་ཆེན་བཏང་ནས“རབ་ཏུ་བྱུང་ཡང་རྒྱལ་གཅེས་བྱ་རྒྱུ་མི་བརྗེད་པ་དང་ཐོས་བསམ་ལ་གཞོལ་སྐབས་འགྲོ་ཕན་མི་བརྗེད་པའི”སྲོལ་རྒྱུན་བཟང་པོ་དར་སྤེལ་གཏོང་བ་དང་། རྒྱལ་གཅེས་དང་ཆོས་གཅེས་ཟུང་འབྲེལ་དམ་ཟབ་བྱེད་པ། རྒྱལ་གཅེས་ཀྱི་འདུ་ཤེས་དང་རྒྱལ་གཅེས་ཀྱི་བརྩེ་སེམས་རྒྱུན་ཆད་མེད་པར་ཟབ་ཏུ་གཏོང་བ་བཅས་བྱས་ནས། མེས་རྒྱལ་ལ་དགའ་ཞེན་དང་མེས་རྒྱལ་ལ་བློ་དཀར་སེམས་དཀར་བྱ་རྒྱུ་དེ་རྒྱ་ཆེའི་གྲྭ་བཙུན་དང་དད་ལྡན་མང་ཚོགས་ཀྱི་རང་རྟོགས་ཀྱི་བྱ་སྤྱོད་དུ་འགྱུར་བ་བྱས་ཏེ་མེས་རྒྱལ་གཅིག་གྱུར་དང་མི་རིགས་མཐུན་སྒྲིལ་ལ་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་དགོས།

ཆོས་ལུགས་ཐད་ཐོས་བསམ་ཟབ་མོ་དགོས་ཤིང་། “ཕན་འདོགས་པ་ལྔའི”བླང་བྱ་མཐའ་འཁྱོངས་བྱས་ནས་འདུལ་ཁྲིམས་དང་བསྟན་དོན་ལ་གོ་བདེ་ཤེས་སླ་དང་དུས་བསྟུན་འཕེལ་རྒྱས་ཀྱི་དགོངས་འགྲེལ་ཧུར་ཐག་བྱེད་པ་དང་། དུས་རབས་འཕེལ་རྒྱས་དང་སྤྱི་ཚོགས་ཡར་ཐོན་དང་འཚམ་པར་བྱས་ཏེ། བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་གྱི་ཆུ་ཚད་མཐོ་རུ་གཏོང་དགོས། ཆོས་ལུགས་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་འཚམ་མཐུན་ཡོང་བར་ཁྲིད་སྟོན་བྱེད་པའི་ཁྲོད་ཀྱི་རྒྱལ་གཅེས་ཆོས་གཅེས་ཀྱི་བླ་མ་སྐྱེས་ཆེན་དང་གྲྭ་བཙུན་གྱི་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། དད་ལྡན་མང་ཚོགས་ཚོར་ཆོས་ལུགས་ལ་དཔྱོད་ཤེས་ཀྱི་ལྟ་སྟངས་འཛིན་པ་དང་། ཆོས་ལུཌ་ཀྱི་ཕན་མེད་ཤུགས་རྐྱེན་ཆུང་དུ་གཏོང་བ། བདེ་སྐྱིད་ལྡན་པའི་འཚོ་བ་ཡག་པོ་སྐྱེལ་བ་བཅས་ལ་ཁྲིད་སྟོན་བྱས་ནས་སྤྱི་ཚོགས་ཞི་མཐུན་ལ་སྐུལ་འདེད་གཏོང་བའི་མཉམ་ཤུགས་ཆེན་པོ་ཞིག་ཆགས་པར་བྱེད་དགོས།

སྤྱོད་ལམ་ཐད་དམངས་མགུ་ཐུབ་པ་བྱེད་དགོས་ཤིང་། འདུལ་ཁྲིམས་དང་སྡོམ་ཁྲིམས་ནན་པོ་བསྲུངས་ཏེ། ཆོས་ལུགས་མི་སྣས་འདོད་ཆུང་ཆོག་ཤེས་དང་ཁེ་གྲགས་མི་གཉེར་བའི་རང་བཞིན་རྒྱུན་འཁྱོངས་དང་། “རྒྱལ་གཅེས་ཆོས་གཅེས་དང་། སྒྲིག་བཀུར་ཁྲིམས་སྲུང་། སྡིག་སྤོང་དགེ་སྒྲུབ། ཞི་མཐུན་གོང་བཀུར། ཞི་བདེར་རེ་སྨོན”བཅས་ཀྱི་འདུལ་ཁྲིམས་དང་བསྟན་དོན་དར་སྤེལ་གཏོང་བ་དང་། གསུང་རབ་ལ་ཞིབ་འཇུག་དང་སློབ་སྦྱོང་བྱེད་པ་དང་། ཤེས་རྒྱ་ཆེ་རུ་བཏང་སྟེ་ཆོས་ལུགས་ཀྱི་རྟོགས་པ་ཕྱོགས་ཡོངས་ནས་མཐོ་རུ་གཏོང་དགོས། ཀུན་སྤྱོད་བློ་སྦྱོང་ལ་ཤུགས་སྣོན་ཟམ་མི་ཆད་པར་བརྒྱབ་ནས། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་དེ་དཔེ་སྦྱོང་དང་ཆོས་ལུགས་དར་སྤེལ་གྱི་བརྒྱུད་རིམ་ཧྲིལ་པོར་མཚོན་པར་བྱས་ཏེ་རྒྱལ་གཅེས་ཆོས་གཅེས་དང་རྒྱལ་སྐྱོང་འགྲོ་ཕན་ཡོང་བ་བྱེད་དགོས། ཁྲིམས་སྐྱོང་གི་འདུ་ཤེས་ཟབ་ཏུ་བཏང་ནས“རྒྱལ་ཁྲིམས”དེ“འདུལ་ཁྲིམས”ལས་ཆེ་བ་ཡོད་པའི་འདུ་ཤེས་བརྟན་པོ་བཙུགས་ཏེ་རང་རྟོགས་ངང་བཅའ་ཁྲིམས་དང་ཁྲིམས་སྲོལ་ལ་བརྩི་སྲུང་ཞུ་བ་དང་། རྒྱལ་ཁབ་ཀྱི་འདུ་ཤེས་དང་། བཅའ་ཁྲིམས་ཀྱི་འདུ་ཤེས། སྤྱི་དམངས་ཀྱི་འདུ་ཤེས་བཅས་ཟབ་ཏུ་བཏང་ནས་ཆོས་ལུགས་ཤེས་པ་དང་། སྲིད་ཇུས་ཤེས་པ། བཅའ་ཁྲིམས་ཤེས་པ་བཅས་བྱས་ཏེ། དད་པ་དང་སྤྱོད་པ་ཡང་དག་མཐའ་འཁྱོངས་ཀྱིས་མཛེས་སྡུག་དང་བདེ་སྐྱིད་ལྡན་པའི་བོད་ལྗོངས་སྐྲུན་ཆེད་འབུལ་དགོས་ངེས་ཀྱི་ལེགས་སྐྱེས་འབུལ་དགོས།

འགག་རྩའི་དུས་སུ་ནུས་པ་ཐོན་པ་བྱེད་དགོས་ཤིང་། རྒྱ་ཆེའི་གྲྭ་བཙུན་དང་དད་ལྡན་མང་ཚོགས་ཚོར་ལངས་ཕྱོགས་བརྟན་པོ་ཡོང་བར་སློབ་གསོ་དང་ཁྲིད་སྟོན་བྱས་ནས། ཁ་ཕྲལ་ལ་ངོ་རྒོལ་བྱེད་པ་སོགས་ཡིན་མིན་ཆེན་པོའི་གནད་དོན་ཐད་ཐོག་མཐའ་བར་གསུམ་དུ་དར་ཆ་ཧ་ཅང་གསལ་སྟོན་དང་། ལངས་ཕྱོགས་ཧ་ཅང་བརྟན་པོ། བྱ་སྤྱོད་བློ་ཐག་ཆོད་པོ་བཅས་བྱེད་པ་ལས“ངོ་གཉིས་མ”གཏན་ནས་བྱེད་མི་རུང་། སྤྲུལ་སྐུའི་ཡང་སྲིད་དོ་དམ་བྱ་ཐབས་ཀྱི་ལམ་ལུགས་གསོ་སྦྱོང་གཏིང་ཟབ་བྱས་ནས་རྒྱལ་ནང་དུ་ཡང་སྲིད་བཙལ་འཚོལ་དང་། གསེར་བུམ་དཀྲུགས་འདོན། ཀྲུང་དབྱང་སྲིད་གཞུང་གིས་ཞིབ་མཆན་འགོད་པ་བཅས་ཀྱི་རྩ་དོན་དང་དེ་བཞིན་ཆོས་ལུགས་ཀྱི་ཆོ་ག་དང་ལོ་རྒྱུས་ཀྱི་ངེས་སྲོལ་དྲིལ་བསྒྲགས་ཤུགས་ཆེན་བྱེད་དགོས། ཁ་ཕྲལ་དང་གཏོར་བཤིག་གི་བྱེད་སྤྱོད་མཐའ་དག་དང་འཐབ་རྩོད་མཐའ་གཅིག་ཏུ་བྱེད་པ་དང་། སྲིད་གཞུང་ལ་གཞོགས་འདེགས་ཧུར་ཐག་གིས་ཆོས་ལུགས་ལས་དོན་ལ་དོ་དམ་བྱེད་པའི་ལས་དོན་ཡག་པོ་སྒྲུབ་པ། ཁོངས་གཏོགས་དགོན་སྡེའི་བརྟན་ལྷིང་སྲུང་སྐྱོང་གི་འགན་འཁྲི་ཧུར་ཐག་འཁུར་བ་བཅས་བྱས་ཏེ་ཆོས་ལུགས་ཁྱབ་ཁོངས་ཞི་མཐུན་དང་། འཆམ་མཐུན། ལམ་ལྷོངས་བཅས་ཡོང་བའི་འགན་ལེན་བྱེད་དགོས།

ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། ཆོས་ལུགས་ལས་དོན་གྱི་འགོ་ཁྲིད་དབང་ཆ་སྟངས་འཛིན་ནན་པོ་བྱས་ཏེ། ཆོས་ལུགས་ལས་དོན་དེ་ཉིན་རེའི་གྲོས་རིམ་གལ་ཆེན་ནང་བཅུག་ནས་རིམ་ཁག་ཏང་ཨུད་ཀྱིས་དུས་བཀག་ལྟར་ཆོས་ལུགས་ལས་དོན་ལ་ཞིབ་འཇུག་བྱེད་པ་དང་། གནད་དོན་དུས་ཐོག་ཏུ་ཤེས་རྟོགས་དང་ཐག་གཅོད་བྱེད་པ། དོན་དག་གལ་ཆེན་དང་གནད་དོན་གལ་ཆེན་ལ་ལྟ་སྐུལ་སྒྲུབ་གཉེར་དང་ཞིབ་བཤེར་བྱེད་པའི་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱེད་དགོས། ཁྲིད་སྟོན་ལས་དོན་གྱི་འཇོན་ཐང་ཆེ་རུ་གཏོང་བ་དང་། དགོན་སྡེའི་དོ་དམ་ལ་ཤུགས་སྣོན་རྒྱག་པ། ཆོས་ལུགས་ལས་རིགས་ཀྱི་རང་ངོས་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ་མར་ཁེ་སི་རིང་ལུགས་ཀྱི་ཆོས་ལུགས་ལྟ་བ་བྱང་ཆུབ་པ་དང་། ཆོས་ལུགས་ལས་དོན་ལ་རྒྱུས་མངའ་ཡོད་པ། མང་ཚོགས་ཀྱི་ལས་དོན་སྒྲུབ་མཁས་པ་བཅས་ཀྱི་ལས་བྱེད་པའི་དཔུང་ཁག་ཁག་གཅིག་གསོ་སྐྱོང་དང་གདམ་གསེས་བྱས་ནས་ཆོས་ལུགས་ལས་དོན་གྱི་འཇོན་ཐང་ཆེ་རུ་གཏོང་དགོས། རིམ་ཁག་འཐབ་ཕྱོགས་གཅིག་གྱུར་སྡེ་ཚན་གྱིས་སྣེ་ཁྲིད་དང་མཐུན་སྦྱོར་གྱི་འགན་འཁྲི་ཁུར་ནས་སྡེ་ཚན་ཁག་གིས་ཁྲིམས་ལྟར་ཆོས་ལུགས་ལས་དོན་ལ་དོ་དམ་བྱེད་པར་མཛུབ་ཁྲིད་བྱས་ཏེ། གངས་ལྗོངས་ས་མཐོ་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཆེད་ལེགས་སྐྱེས་གསར་པ་དེ་བས་ཆེ་བ་འབུལ་དགོས།