《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2021年11月22日

གནོད་མེད་འཕེལ་རྒྱས་ཀྱི་འདུ་ཤེས་ལག་ལེན་བསྟར་ནས་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་བསྐྲུན།

—— རང་སྐྱོང་ལྗོངས་ཀྱི་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པར་བསུ་བ་ཞུ་བའི་དམིགས་བསལ་རྩོམ་ཡིག་གཉིས་པ།

འདི་ནི་ཆུ་མོ་དྭངས་ཤིང་རྩྭ་རྩི་ཤིང་སྔོ་ཐིང་ཐིང་དུ་ཆགས་པའི་ཡར་ཉང་རྒྱལ་ཁབ་འདམ་རའི་སྤྱི་གླིང་གི་ཟུར་ཞིག་ཡིན་པ།

རང་སྐྱོང་ལྗོངས་ཀྱི་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་དགུ་པ་འཚོགས་ཚུན། ཏང་ཀྲུང་དབྱང་གི་བྱམས་བརྩེའི་ཐུགས་ཁུར་འོག་རང་སྐྱོང་ལྗོངས་ཏང་ཨུད་ཀྱིས“མཚོ་བོད་ས་མཐོའི་སྐྱེ་ཁམས་སྲུང་སྐྱོང་ཡག་པོ་བྱེད་པ་ནི་ཀྲུང་ཧྭ་མི་རིགས་ཀྱི་འཚོ་གནས་དང་འཕེལ་རྒྱས་ལ་ལེགས་སྐྱེས་ཆེ་ཤོས་ཕུལ་བ་ཞིག་རེད”ཅེས་དང“མཚོ་བོད་ས་མཐོ་རྒྱལ་ཡོངས་ཙམ་མ་ཟད་རྒྱལ་སྤྱིའི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་ཞིག་ཏུ་སྐྲུན་དགོས”ཞེས་པ་སོགས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་སེམས་ལ་བརྟན་པོར་ངེས་ནས། ཀྲུང་ཧྭ་མི་རིགས་ཀྱི་འཚོ་གནས་དང་འཕེལ་རྒྱས་ལ་ལེགས་སྐྱེས་འབུལ་བའི་ཆབ་སྲིད་ཀྱི་འགན་འཁྲི་ཕྲག་ཏུ་ཁུར་ཏེ། ས་མཐོའི་སྲོག་ཆགས་དང་རྩྭ་རྩི་ཤིང་དང་རི་ཆུ་ཀླུང་གསུམ་མཐའ་གཅིག་ཏུ་སྲུང་སྐྱོང་ཡག་པོ་བྱས་ནས། རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་བརྟན་པོ་བསྐྲུན་པ་རེད།

ཁོར་ཡུག་སྲུང་སྐྱོང་འཛུགས་སྐྲུན་མངོན་གསལ་དོད། སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་དེ་བས་བརྟན།

ལོ་ལྔའི་རིང་རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་ལག་བསྟར་དོན་འཁྱོལ་བྱེད་པ་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཨང་དང་པོར་བརྩིས་ནས། སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་དང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་ལས་དོན་ལ་ཕྱོགས་ཡོངས་ནས་སྤྱི་འདོམས་དང་སྐྱེ་ཁམས་སྲུང་སྐྱོང་རྣམ་གྲངས་ལག་བསྟར་ཤུགས་ཆེན། རྒྱལ་ཁབ་ཀྱི་ས་ཆ་སྔོ་འགྱུར་གྱི་བྱ་སྤྱོད་སྤེལ་བ་བཅས་བྱས་ཏེ། རི་ཆུ་ནགས་ཞིང་མཚོ་རྩྭ་བྱེ་ཐང་འཁྱགས་རོམ་བཅས་ཀྱི་གོ་རིམ་ལྡན་པའི་བཅོས་སྐྱོང་ལ་སྤྱི་འདོམས་སྐུལ་འདེད་བཏང་བ་དང་། “གཙང་པོ་གཉིས་དང་ཆུ་བོ་བཞི”རྒྱུག་ཁུལ་དུ་ནགས་བཟོ་སྔོ་འགྱུར་ལས་གྲ་ལག་བསྟར་གཏིང་ཟབ་བྱས་པ། གྲོང་ཚོ་དང་དུད་ཚང་ཚང་མར་སྐྱེ་ཤིང་ཡོད་པར་བྱས་ནས། རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་ཧུར་ཐག་བསྐྲུན་ཡོད།

བསྡོམས་རྩིས་བརྒྱབ་པར་གཞིགས་ན། 2020ལོར་སླེབས་སྐབས་ལྗོངས་ཡོངས་ཀྱི་ས་ཁོངས་ཀྱི་44.8%སྲུང་སྐྱོང་ཁྱབ་ཁོངས་ནན་ཤོས་སུ་བཅུག་པ་དང་། ནགས་ཚལ་ཁྱབ་ཚད་12.31%ཟིན་པ། དུད་ཚང་ཁྲི་10.47ཚང་མར་སྐྱེ་ཤིང་བཏབ་པ་དང་གྲོང་ཚོ་1079ལ་སྐྱེ་ཤིང་བཏབ་ཡོད།

མིག་སྔར་བོད་དུ་ཟིན་ཐོ་བཀོད་པའི་རི་སྐྱེས་རྩི་ཤིང་རིགས་9600ཡོད་པ་དང་། བོད་ཁོ་ནར་ཡོད་པའི་རྩི་ཤིང་རིགས་1075ཟིན་པ། རྩ་ཆེའི་སྟོངས་ཉེར་ཡོད་པའི་སྲུང་སྐྱོང་རི་སྐྱེས་རྩི་ཤིང་རིགས་383ཡོད་པའི་ནང་རྒྱལ་ཁབ་ཀྱི་གཙོ་གནད་སྲུང་སྐྱོང་གི་རྩ་ཆེའི་རྩི་ཤིང་རིགས་38ཡོད་པ། རང་སྐྱོང་ལྗོངས་ཀྱི་གཙོ་གནད་སྲུང་སྐྱོང་གི་རི་སྐྱེས་རྩི་ཤིང་རིགས་40ཟིན་པ། 《སྟོངས་ཉེའི་རི་སྐྱེས་སྲོག་ཆགས་དང་རྩི་ཤིང་རིགས་ཀྱི་རྒྱལ་སྤྱིའི་ཚོང་དོན་སྤྱི་ཆིངས》ཀྱི་ཞར་བྱུང་དུ་བཅུག་པའི་རིགས་214ཟིན་ཡོད།

སྐྱེ་ཁམས་མཐའ་ཚད་ཧ་ཅང་ནན་པོ་བསྲུངས། ཁོར་ཡུག་སྤུས་ཚད་ཡག་པོ་མཐའ་འཁྱོངས་བྱས།

ལོ་ལྔའི་རིང་རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་ཐོག་མཐའ་བར་གསུམ་དུ་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་བྱེད་པ་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དམར་ཐིག་དང་། མཐའ་ཚད། གློག་ཆེན་བཅས་སུ་བརྩིས་ཏེ། ལྗོངས་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་ལེགས་པའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་བ་དང་དུས་མཚུངས། སྐྱེ་ཁམས་ཁོར་ཡུག་གི་སྤུས་ཚད་རྒྱུན་མཐུད་ཡག་པོ་ཡོང་བའི་འགན་ལེན་བྱས་པ་རེད།

—— ཨ་སྔོན་སྲུང་སྐྱོང་དམག་འཐབ་ཀྱི་གྲུབ་འབྲས་མངོན་གསལ་དོད་པ། སྣུམ་ཁྲའེ་ཡིའུ་ཡི་རླངས་འཁོར་གྱི་སྦགས་བཙོག་འགོག་བཅོས་ཀྱི་འགག་སྒྲོལ་དམག་འཐབ་ནུས་ཤུཌ་ཡོད་རྒུས་བརྒྱབ་པ་དང་། “ཁ་ཐོར་དང་། ཟང་ཟིང་། སྦགས་བཙོག”བཅས་ཀྱི་ཁེ་ལས་ལ་ཕྱོགས་བསྡུས་བཅོས་སྒྲིག་བྱེད་པའི་བྱ་སྤྱོད་རྒྱུན་མཐུད་སྤེལ་བ། རྡོ་སོལ་མི་སྤྱོད་པ་དང་། གློག་རླངས་ཅན། གྲོང་མིའི་སྲོལ་རྒྱུན་ནུས་རྒྱུ་འཛད་སྤྱོད་གཞན་གྱིས་ཚབ་བྱེད་པ་བཅས་ལ་སྐུལ་འདེད་ཧུར་ཐག་བཏང་བས། ནུས་རྒྱུ་གཙང་མའི་གློག་ཤུགས་ཀྱི་གློག་འདོན་འཕྲུལ་འཁོར་སྒྲིག་སྦྱོར་བྱས་པའི་བསྡུར་ཚད་89.5%ཟིན་གྱི་ཡོད། 2020ལོར་ལྗོངས་ཡོངས་ཀྱི་ཁོར་ཡུག་གི་མཁའ་རླུང་སྤུས་ཚད་སྤྱི་ཡོངས་ནས་ཡག་པོ་ཡོད་པ་དང་ལྗོངས་ཡོངས་ཀྱི་ཁོར་ཡུག་གི་མཁའ་རླུང་ཆ་སྙོམས་ལེགས་པའི་ཉིན་གྲངས་ཀྱི་བསྡུར་ཚད་99.4%རེད།

—— ཆུ་ལྗང་སྲུང་སྐྱོང་དམག་འཐབ་ཀྱི་གྲུབ་འབྲས་གཟེངས་སུ་ཐོན་པ། ཆུ(མཚོ)དཔོན་ལམ་ལུགས་ཕྱོགས་ཡོངས་ནས་ཁྱབ་གདལ་བཏང་སྟེ། གྲོང་ཁྱེར་དང་གྲོང་རྡལ་102ལ་གཅིག་སྡུད་རྣམ་པ་དང་གྲོང་གསེབ་ཀྱི་འཐུང་ཆུའི་ཆུ་འགོ་3300ཡི་ཁོར་ཡུག་སྲུང་སྐྱོང་གི་ལས་གྲྭ་ཕྱོགས་ཡོངས་ནས་ལག་བསྟར་བྱས་པ་དང་། ལྗོངས་ཡོངས་ཀྱི་གྲོང་ཁྱེར་གྱི་བཙོག་ཆུ་གཙང་གསིང་བྱེད་ཚད་96.28%ཟིན་ཡོད། ཡར་ལྷ་ཤམ་ཆུ་དང་མྱང་ཆུ་གཙང་པོ་སོགས་གཙོ་གནད་རྒྱུག་ཁུལ་གྱི་ཆུའི་སྐྱེ་ཁམས་སྲུང་སྐྱོང་ལས་གྲྭ་ལག་བསྟར་གཏིང་ཟབ་བྱས་ཏེ། གྲོང་གསེབ་ཀྱི་བཙོག་ཆུ་གསང་གསིང་ཚོད་ལྟའི་ལས་གྲྭ་27འགོ་བཙུགས་པ་རེད། ལྗོངས་ཡོངས་ཀྱི་གཙང་པོ་དང་། ཆུ་བོ། མཚོ་བཅས་གཙོ་བོའི་ཆུའི་སྤུས་ཚད་རིགས་གསུམ་པའི་ཚད་གཞི་ལོན་པའམ་ཡང་ན་དེ་ལས་ཡག་པ་དང་། གྲོང་ཁྱེར་དང་གྲོང་རྡལ་གྱི་གཅིག་སྡུད་རྣམ་པའི་འཐུང་ཆུའི་ཆུ་འགོའི་ཆུའི་སྤུས་ཚད་ལོན་ཚད100%ཟིན་ནས་དྲི་ཅན་བཙོག་ཆུ་གཅིག་ཀྱང་མེད།

སྐྱེ་ཁམས་དཔལ་འབྱོར་སྐྱེད་སྲིང་སྟོབས་ཆེར་བཏང་། འཕེལ་རྒྱས་སྲུང་སྐྱོང་གཉིས་ཀར་སྐུལ་འདེད་བཏང་།

ལོ་ལྔའི་རིང་རང་ལྗོངས་ཀྱིས་སྐྱེ་ཁམས་ཁོར་ཡུག་དང་རང་བྱུང་ཐོན་ཁུངས་ཀྱི་ལེགས་ཆར་གཞི་ཚུགས་ཏེ། སྐྱེ་ཁམས་ཀྱི་འདུ་ཤེས་ལ་བརྟེན་ནས་འཕེལ་རྒྱས་དོན་གཉེར་དང་། སྐྱེ་ཁམས་འཕེལ་རྒྱས་གཏོང་བར་བརྟེན་ནས་ཐོན་ལས་ལ་སྐུལ་འདེད་གཏོང་རྒྱུ་མཐའ་འཁྱོངས་ཀྱིས་ཡུལ་སྐོར་རིག་གནས་དང་། ས་མཐོའི་སྐྱེ་དངོས། ཁྱད་ལྡན་བཟོ་ལས། ནུས་རྒྱུ་གཙང་མ། དེང་རབས་ཞབས་ཞུ། མཐའ་མཚམས་ཚོང་དོན་ཟོག་འགྲེམས། མཐོ་གསར་གྲངས་འཛིན་སོགས་ས་མཐོའི་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་ཤུགས་ཆེན་བཏང་བས། བོད་ཀྱི་དྭངས་ཤིང་གཙང་བའི་རི་ཆུ་ཀླུང་གསུམ་དང་སྐྱེ་ཁམས་ཁོར་ཡུག་བཟང་པོ་ལྗོངས་ཡོངས་ཀྱི་དཔལ་འབྱོར་འཕར་བའི་སྒུལ་ཤུགས་དང་མི་སེར་གྱི་འབབ་འཕར་ཕྱུག་འགྱུར་གྱི་དགོས་འདོད་ཀུན་འབྱུང་ལྟ་བུར་གྱུར་ཡོད།

གྲངས་གཞི་ལས་མངོན་གསལ། 2016ལོ་ནས་བཟུང་། རང་ལྗོངས་སུ་རིམ་རྩིས་བྱས་ན། རི་སྐྱེས་སྲོག་ཆགས་ཀྱི་སྲུང་སྐྱོང་བ་ཚུད་པའི་སྐྱེ་ཁམས་སྲུང་སྐྱོང་གི་ལས་གནས་ཁྲི་70མཁོ་འདོན་བྱས་པས། རྒྱ་ཆེའི་མང་ཚོགས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་གསོན་ཤུགས་དམག་ཏུ་གྱུར་ཅིང་། མང་ཚོགས་ཀྱིས་སྐྱེ་ཁམས་སྲིད་ཇུས་ཀྱི་ཁེ་ཕན་གང་ལེགས་སྤྱོད་བཞིན་ཡོད། མིག་སྔའི་བར་ལྗོངས་ཡོངས་ཀྱི་ཆུ་ནུས་དང་། ཉི་ནུས། ས་འོག་ཚ་ནུས། རླུང་ནུས་བཅས་ཀྱི་ལག་རྩལ་གསར་སྤེལ་བྱ་རུང་ཚད་ཆན་ཝ་དུང་ཕྱུར་10.6ཟིན་པ་དང་། གློག་ཤུགས་གློག་འདོན་འཕྲུལ་འཁོར་གྱི་གློག་ཤོང་ཚད་ཆན་ཝ་ཁྲི་423ཟིན་པ། ནུས་རྒྱུ་གཙང་མའི་གློག་འདོན་འཕྲུལ་འཁོར་སྒྲིག་སྦྱོར་བྱས་པའི་བསྡུར་ཚད་ཀྱིས་89.09%བཟུང་ཡོད།

ཐོག་མའི་བསམ་འདུན་མ་བརྗེད་ན། མི་འགྲུབ་བྱ་བ་ཅི་ཡང་མེད། ལོ་རྒྱུས་ཀྱི་འགོ་འཛུགས་ས་གསར་པར། ང་ཚོས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་དེ་བས་དམ་ཟབ་བྱས་ཏེ། རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་འབད་འཐབ་ཆེན་པོས་སྐྲུན་དགོས།