《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2021年07月21日

དམངས་འཚོའི་ལས་དོན་ཧུར་ཐག་བསྒྲུབས། སྤྱི་ཚོགས་འཕེལ་རྒྱས་རྣམ་པ་བཟང་།

—— ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་སྐོར་གྱི་སྒྲིལ་གླེང་།

ཉེ་བའི་ལོ་ཤས་རིང་། ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ཀྱིས་སྡེ་ཁུལ་སྨན་ཁང་དང་ཁྱིམ་ཚང་སྨན་པའི་ཚོགས་པ་སྒྲིག་འཛུགས་ཤུགས་ཆེན་བྱས་ནས། “གྲོང་ཁྱེར་གྱི་སྐར་མ་བཅོ་ལྔའི་བདེ་ཐང་ཞབས་ཞུའི་འཁོར་རྒྱ”བདེ་བླག་ངང་བསྐྲུན་རྒྱུར་སྐུལ་འདེད་བཏང་བས། འགྲོ་སྐྱོད་སྟབས་བདེ་མེད་པའི་རྒན་རྒོན་མང་པོ་ཞིག་ལ་ཕྱིར་འགྲོ་མི་དགོས་པར་སྨན་བཅོས་ཞབས་ཞུ་ལོངས་སྤྱོད་ཐུབ་ཡོད།

སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས“ས་གཙང་དཀར་ཆུའི་ཐོན་ལས”དེ་བོད་ཀྱི་སློབ་མས་སྤྱོད་པའི་འོ་མ་ཐོན་སྐྱེད་དང་བྲིན་ཚོང་གི་ཐོབ་ཐང་ལྡན་པའི་ས་གནས་དེ་གའི་དཀར་ཆུའི་ཁེ་ལས་གཅིག་པུ་དེར་གྱུར་ནས། ཁྱད་ལྡན་ལེགས་ལྡན་ཐོན་ལས་ཁྱོན་ཡོངས་ནས་འཕེལ་རྒྱས་ཕྱིན་ཡོད།

ས་ཁོངས་ཧྲིལ་པོར་ཆུ་དཔོན་དང་མཚོ་དཔོན་ལམ་ལུགས་ཁྱབ་གདལ་བཏང་བ་དང་རྒྱལ་ཁབ་ཀྱི་ས་ཆ་སྔོ་འགྱུར་བྱ་སྤྱོད་གཏིང་ཟབ་སྤེལ་ནས། ས་ཁོངས་ཡོངས་སུ“གད་སྙིགས་རིགས་དབྱེའི”སྒྲིག་ཆས་བཙུགས་ཏེ“གསང་སྤྱོད་གསར་བརྗེ”སྤྱི་འདོམས་ལག་བསྟར་བྱས་པ་དང་། སྐྱེད་ཚལ་སྔོ་འགྱུར་བདག་སྐྱོང་གི་ཁྱབ་ཁོངས་སྨི་ངོས་གྲུ་ཁྲི་171ལྷག་ཟིན་པ། ཁོངས་གཏོགས་ཁུལ་གྱི་ཆུའི་སྤུས་ཚད་རྒྱལ་ཁབ་ཀྱི་རིགས་གསུམ་པའི་ཚད་གཞིར་སླེབས་པ། ཁོར་ཡུག་དང་མཁའ་རླུང་གི་སྤུས་ཚད་ལེགས་ཚད་98.4%ཟིན་ཡོད་པ་རེད།

གྲུབ་འབྲས་དེ་དག་ནི་ཁྲེང་ཀོན་ཆུས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཐོབ་པའི་ཕན་འབྲས་ཀྱི་བསྡུས་རིས་ཤིག་རེད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་དང་ལྷག་པར་དུ“ལོ་ལྔ་ཚན་བཅུ་གསུམ་པའི”ཚུན་དུ། ཁྲེང་ཀོན་ཆུས་ལ་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་འགྱུར་ལྡོག་བྱུང་ནས་དཔལ་འབྱོར་གྱི་གྲངས་གཞི་ཆེས་ཆེར་མཐོ་རུ་ཕྱིན་པ་དང་གྲོང་ཁྱེར་དང་གྲོང་གསེབ་ཀྱི་རྣམ་པ་ཉིན་རེ་བཞིན་ལེགས་སུ་ཕྱིན་ནས་མི་དམངས་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་ཟམ་མི་ཆད་པར་ཆེ་རུ་ཕྱིན་ཡོད།

ཁྲེང་ཀོན་ཆུས་ཀྱིས་ཐོག་མཐའ་བར་གསུམ་དུ་མི་དམངས་ལྟེ་བར་འཛིན་རྒྱུ་མཐའ་འཁྱོངས་བྱས་ནས་མི་དམངས་ལ་བདེ་སྐྱིད་བསྐྲུན་པ་དང་གྲོང་མི་མང་ཚོགས་ལ་སྒྱུར་བཅོས་འཕེལ་རྒྱས་ཀྱི་གཡུར་ཟའི་གྲུབ་འབྲས་ལོངས་སྤྱོད་ཐུབ་པ་བྱས་ཡོད། འདས་ཟིན་པའི་ལོ་ལྔའི་ནང་ཁྲེང་ཀོན་ཆུས་ཀྱིས་ཚད་གཞི་མཐོ་ཤོས་ཀྱི་སྒོ་ནས་སྤྱི་པའི་མ་དངུལ་བཀོད་སྒྲིག་བེད་སྤྱོད་བྱ་རྒྱུ་དེ་དམངས་འཚོའི་ཁྱབ་ཁོངས་ལ་ཕྱོགས་པ་དང་། སྤྱི་པའི་ནོར་སྲིད་ཀྱི་དམངས་འཚོའི་གཏོང་སྒོས་རིམ་པ་དེ་གའི་ནོར་སྲིད་ཡོང་འབབ་བསྡོམས་འབོར་གྱི་70%ཡན་བཟུང་བ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་43640དང་སྒོར་24130སོ་སོར་ཟིན་ཡོད། ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོ་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་ལྡབ་9.79འཕར་ནས་སྒོར་ཁྲི་2.3བར་མང་དུ་ཕྱིན་པ་དང་དབུལ་པོའི་གནད་དོན་རྦད་དེ་བསལ་ཡོད། ལས་ཞུགས་མི་གྲངས་22315མང་དུ་སོང་བ་དང་། ལོ་འདི་གའི་མཐོ་སློབ་སློབ་ཐོན་སློབ་མ་ལས་ཞུགས་ཐུབ་ཚད་97%ལས་བརྒལ་ཡོད། སློབ་གྲྭ་21གསར་སྐྲུན་དང་། བསྐྱར་སྐྲུན། རྒྱས་སྐྲུན་བཅས་བྱས་པ་དང་སློབ་གནས་21860མང་དུ་བཏང་ཡོད། འགན་སྲུང་རང་བཞིན་གྱི་སྡོད་ཁང་སྣ་ཚོགས་ཁྲི་1.68གསར་སྐྲུན་དང་འཛུགས་སྐྲུན་བྱེད་བཞིན་ཡོད་པ་དང་། མི་ཁྲི་7ལྷག་ཙམ་གྱི་སྡོད་ཁང་གི་ཆ་རྐྱེན་མངོན་གསལ་དོད་པོས་ལེགས་སུ་ཕྱིན་ཡོད། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་མ་མཐའི་འཚོ་བ་འགན་ལེན་གྱི་དངུལ་སྒོར་14088དང་སྒོར་7460མཐོ་རུ་བཏང་བ་དང་། འགན་ལེན་ལྔའི་གཅིག་སྡུད་བསྙེན་བཀུར་གྱི་ཚད་གཞི་རང་སྐྱོང་ལྗོངས་ཀྱི་སྒོར་5680ལས་མཐོ་བ་དང་།“གཅིག་སྡུད་གཉིས”ཀྱི་བསྙེན་བཀུར་བྱེད་ཚད་ཁྱོན་ཡོངས་ལ་ཁྱབ་ཡོད།

ཁྲེང་ཀོན་ཆུས་ཀྱི་ཕྱོགས་གང་ས་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་སྤྲོ་སེམས་ཚོར་ཐུབ། ཁེ་ལས་ཆེ་གྲས་གཅིག་རྗེས་གཉིས་མཐུད་ངང་ཐོན་པ་དང་རྣམ་གྲངས་ཡག་པོ་གཅིག་རྗེས་གཉིས་མཐུད་ངང་དོན་འཁྱོལ་བྱུང་ཡོད། རྣམ་གྲངས་གལ་ཆེན་ཁག་གཅིག་དུས་བཀག་ལྟར་བསྐྲུན་ཟིན་ནས་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་འགྲོ་བའི་རྣམ་པ་བཟང་པོ་ཞིག་བཏོད་ཡོད། འདས་ཟིན་པའི་ལོ་ལྔའི་ནང་ཁྲེང་ཀོན་ཆུས་ཀྱིས་ཐོག་མཐའ་བར་གསུམ་དུ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་དེ་བརྗོད་དོན་གཙོ་བོ་དང་གཙོ་རྐང་དུ་བརྩིས་ཡོད། ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་219.19ནས་སྒོར་དུང་ཕྱུར་355.44བར་འཕར་ཏེ་ལོ་རེར་ཆ་སྙོམས་འཕར་ཚད་12.54%ཟིན་ཡོད། “གློད་སྡོམ་ཞབས་གསུམ”གྱི་སྒྱུར་བཅོས་ལ་སྐུལ་འདེད་གཏིང་ཟབ་བཏང་བ་དང“གཅིག་འཐུས་རྣམ་པའི”སྲིད་འཛིན་ཞིབ་མཆན་འགོད་པའི་དུས་བཀག་དེ་ཁྲིམས་གཏན་འཁེལ་བའི་དུས་བཀག་གི་གསུམ་ཆ་གཅིག་ནང་ཚུན་ཐུང་དུ་བཏང་བ་དང་། ཞིབ་མཆན་འགོད་པའི་མྱུར་ཚད་ཆ་སྙོམས་བྱས་ན་60%མཐོ་རུ་བཏང་ཡོད།

འདི་ལོ་ཚུན་དུ། ཁྲེང་ཀོན་ཆུས་ཀྱི་སྡེ་ཁུལ་ཁག་གིས་ཁོངས་གཏོགས་ཀྱི་རིག་རྩལ་རུ་ཁག་ལ་བརྟེན་ནས་གླུ་གར་འཁྲབ་སྟོན་དང་དགོད་བྲོའི་གཏམ་གླེང་དང་འཁྲབ་ཚན་ཐུང་ངུ་ཚུད་པའི་རིག་རྩལ་ལེ་ཚན་འབོར་ཆེན་ནང་སྦྱོང་བྱས་ཏེ། ཚང་མས་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་100འཁོར་བ་དང་བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་70འཁོར་བར་རྟེན་འབྲེལ་ཞུས་པ་རེད། ལེ་ཚན་དེ་དག་གིས་གཞི་རིམ་མང་ཚོགས་ཀྱི་རིག་གནས་འཚོ་བ་ཕུན་སུམ་ཚོགས་སུ་བཏང་བ་དང་གཞི་རིམ་རིག་རྩལ་དར་རྒྱས་གོང་འཕེལ་བྱུང་ལུགས་མངོན་ཡོད། ཉེ་བའི་ལོ་ཤས་རིང་། ཁྲེང་ཀོན་ཆུས་ཀྱི་གཞི་རིམ་རིག་གནས་ཞབས་ཞུའི་མ་ལག་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་ཕྱིན་ནས་ཕུལ་བྱུང་སྲོལ་རྒྱུན་རིག་གནས་སྲུང་སྐྱོང་དང་རྒྱུན་འཛིན་ཐུབ་ཡོད། ཆུས་རིམ་པའི་ཕྱོགས་བསྡུས་རིག་གནས་ཞབས་ཞུའི་ལྟེ་གནས་བཙུགས་པ་དང་གྲོང་ཚོ་རིམ་པའི་རིག་གནས་ས་ཚིགས་དང་རིག་རྩལ་རུ་ཁག་ཁྱོན་ཡོངས་ལ་ཁྱབ་པས། ལས་བྱེད་ལས་བཟོ་དང་གྲོང་མི་མང་ཚོགས་ཀྱི་རིག་གནས་ཀྱི་ཐོབ་སྣང་དང་སྐྱིད་སྣང་ཆེ་རུ་ཕྱིན་ཡོད། ལོ་ལྔ་དེ་ནི་ཁྲེང་ཀོན་ཆུས་ཀྱི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་སྲུང་སྐྱོང་དང་རྒྱུན་འཛིན་ཡག་པོ་བྱུང་བའི་ལོ་ལྔ་ཡང་རེད། “འཚེམ་དྲུབ་མའི་ཐང་ག”སོགས་རྒྱལ་ཁབ་ཀྱི་མངོན་མིན་རིག་གནས་ཤུལ་བཞག་གི་མིང་གཞུང་ནང་བཅུག་ཅིང་། རིག་དངོས་སྲུང་སྐྱོང་ལས་གྲྭར་སྐུལ་འདེད་ཏན་ཏིག་བཏང་བས། ས་ཁོངས་ནང་རིག་དངོས་སྲུང་སྐྱོང་ཚན་པ་110བར་མང་དུ་ཕྱིན་ཡོད།

ལོ་རྒྱུས་ཀྱི་འགོ་འཛུགས་ས་གསར་པའི་ཐོག་ཁྲེང་ཀོན་ཆུས་ཀྱིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་བརྗོད་དོན་གཙོ་བོ་དང་། མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་གྱི་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་རྒྱུ་གཙོ་རྐང་། སྒྱུར་བཅོས་གསར་གཏོད་བྱ་རྒྱུ་དེ་རྩ་བའི་སྒུལ་ཤུགས། མི་དམངས་ཀྱི་ཉིན་བཞིན་ཆེ་རུ་འགྲོ་བའི་མཛེས་སྡུག་ལྡན་པའི་འཚོ་བའི་དགོས་མཁོ་བསྐང་རྒྱུ་རྩ་བའི་དམིགས་ཡུལ་བཅས་སུ་བརྩིས་ཏེ། ལྟེ་བའི་གྲོང་ཁྱེར་དང་ལྟེ་བའི་གྲོང་ཁུལ་གྱི་ནུས་པ་ཁྱོན་ཡོངས་ནས་འཕེལ་རྒྱས་བཏང་བ་དང་། འཕེལ་རྒྱས་འགྲོ་མགྱོགས་པའི་རྣམ་པ་དང་བསམ་པའི་ཉམས་འགྱུར་གསར་པར་བརྟེན་ནས་འགོ་ཡག་པོ་འཛུགས་པ་དང་གོམ་པ་བརྟན་པོ་སྤོས་ཏེ་ལོ་རྒྱུས་ཀྱི་ལམ་བུ་གསར་པ་ཞིག་གཏོད་འགོ་ཚུགས་ཡོད།

(བདེ་སྐྱིད་དང་བསྟན་བློས་སྒྱུར་ཞུས་བྱས)