《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2021年07月21日

ལྗོངས་རིམ་པའི་རིག་གནས་ཐོན་ལས་དཔེ་སྟོན་གླིང(རྟེན་གཞི)ཁག་གསར་པར་མིང་འདོགས་རྒྱུ་ཡིན་པ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་7ཚེས་19ཉིན་གནས་ཚུལ་འབྱོར་གསལ། 《བོད་རང་སྐྱོང་ལྗོངས་ཀྱི“ལོ་ལྔ་ཚན་བཅུ་བཞི་པའི”རིང་གི་ཁྱད་ལྡན་རིག་གནས་ཐོན་ལས་འཕེལ་རྒྱས་འཆར་འགོད》ནང་གཏན་འཁེལ་བྱས་པའི་2025ལོར་སླེབས་སྐབས་ལྗོངས་ཡོངས་ཀྱིས་རིམ་ཁག་རིག་གནས་ཐོན་ལས་དཔེ་སྟོན་གླིང(རྟེན་གཞི)300ལ་མིང་འདོགས་རྒྱུའི་དམིགས་ཚད་བླང་བྱ་ལེགས་སྒྲུབ་ཡག་པོ་བྱ་ཆེད། འབྲེལ་ཡོད་རིག་གནས་ཐོན་ལས་དཔེ་སྟོན་གླིང(རྟེན་གཞི)དཔྱད་འདེམས་མིང་འདོགས་སྐོར་གྱི་རྒྱལ་ཁབ་དང་རང་སྐྱོང་ལྗོངས་ཀྱི་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་། རང་སྐྱོང་ལྗོངས་རིག་གནས་ཐིང་གིས་འདི་ལོའི་ཟླ་གསུམ་པར“རང་སྐྱོང་ལྗོངས་རིམ་པའི་རིག་གནས་ཐོན་ལས་དཔེ་སྟོན་རྟེན་གཞི་ཁག་ལྔ་པ”དང“རང་སྐྱོང་ལྗོངས་རིམ་པའི་རིག་གནས་ཐོན་ལས་དཔེ་སྟོན་གླིང་ཁག་བཞི་པའི”དཔྱད་འདེམས་ལས་དོན་དངོས་སུ་སྤེལ་འགོ་ཚུགས་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། རང་སྐྱོང་ལྗོངས་རིག་གནས་ཐིང་གིས་རིགས་གཅིག་མཁས་ཅན་སྒྲིག་འཛུགས་བྱས་ནས་ལས་དོན་སྤེལ་འགོ་ཚུགས་པའི་ཚོགས་འདུ་དང་ལས་དོན་སྐུལ་སྤེལ་ཚོགས་འདུ་སྔ་རྗེས་སུ་འཚོགས་པ་མ་ཟད། ད་དུང་འབྲེལ་ཡོད་ས་ཁུལ་དང་གྲོང་ཁྱེར་དུ་བསྐྱོད་དེ་ས་གནས་ས་ཐོག་ནས་དཔྱད་འདེམས་ཀྱང་བྱས་པ་དང་། རིགས་གཅིག་མཁས་ཅན་ཚོགས་ཆུང་གིས《རང་སྐྱོང་ལྗོངས་རིམ་པའི་རིག་གནས་ཐོན་ལས་དཔེ་སྟོན་རྟེན་གཞི་ཁག་ལྔ་པ་དང་རང་སྐྱོང་ལྗོངས་རིམ་པའི་རིག་གནས་ཐོན་ལས་དཔེ་སྟོན་གླིང་ཁག་བཞི་པའི་ལས་དོན་ཇུས་གཞི》དང《བོད་རང་སྐྱོང་ལྗོངས་ཀྱི་རིག་གནས་ཐོན་ལས་དཔེ་སྟོན་རྟེན་གཞི་དཔྱད་འདེམས་མིང་འདོགས་དོ་དམ་བྱེད་ཐབས(གནས་སྐབས་ལག་བསྟར)》ཀྱི་འབྲེལ་ཡོད་དཔྱད་ཞིབ་གཏན་འབེབས་གཞིར་བཟུང་། རེ་ཞུ་བྱེད་མཁན་ཁེ་ལས་ཁག་གི་དཔྱད་གཞིར་ཐོག་མའི་ཞིབ་བཤེར་དང་། ས་གནས་ས་ཐོག་གི་ཞིབ་བཤེར། མཐའ་མའི་ཞིབ་བཤེར་བཅས་བྱས་མཐར་མིང་འདོགས་རྩིས་ཡོད་པའི་ཁེ་ལས་ཀྱི་མིང་ཐོ་གཏན་འཁེལ་བྱས་པ་མ་ཟད་ད་དུང་མིང་ཐོ་དེ་དག་འབྲེལ་ཡོད་སྨྱན་སྦྱོར་ལས་སྟེགས་ནས་ཡོངས་བསྒྲགས་ཀྱང་བྱས་པ་རེད།

(དམ་ཆོས་མི་ཕམ་གྱིས་བསྒྱུར། བདེ་སྐྱིད་དབང་མོས་ཞུས)