《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2021年07月21日

རང་སྐྱོང་ལྗོངས་བརྟག་ཞིབ་ཚོགས་ཆུང་གིས་ཕོ་བྲང་པོ་ཏ་ལའི་ཡུལ་སྐོར་གྱི་ཁྲོམ་ར་དང་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་གནས་ཚུལ་ལ་བརྟག་ཞིབ་གནང་བ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་7ཚེས་19ཉིན་གནས་ཚུལ་འབྱོར་གསལ། ཚེས་19ཉིན་གྱི་སྔ་དྲོ། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་རྡོ་རྗེ་ཚེ་གྲུབ་ཀྱིས་བརྟག་ཞིབ་ཚོགས་ཆུང་གི་སྣེ་ཁྲིད་དེ་ཕོ་བྲང་པོ་ཏ་ལའི་ཞོལ་གྲོང་དུ་ཡུལ་སྐོར་ཁྲོམ་ར་དང་རིམས་ནད་སྔོན་འགོག་ཚོད་འཛིན་སོགས་ཀྱི་གནས་ཚུལ་ལ་བརྟག་ཞིབ་གནང་བ་རེད།

བརྟག་ཞིབ་ཚོགས་ཆུང་དང་བཅས་པས་མཛེས་ལྗོངས་ཁུལ་གྱི་གཉེར་སྐྱོང་དང་། ཡུལ་སྐོར་བར་ཞབས་ཞུ། རིམས་ནད་སྔོན་འགོག་ཚོད་འཛིན་སོགས་ཀྱི་གནས་ཚུལ་ཤེས་རྟོགས་ཞིབ་ཕྲ་བྱས་རྗེས། ཕོ་བྲང་པོ་ཏ་ལ་ནི་མིའི་རིགས་ཡོངས་ཀྱི་རྩ་ཆེའི་རིག་གནས་ཤུལ་བཞག་གི་གྲས་ཤིག་ཡིན་ལ། བོད་ལྗོངས་གསར་པའི་གཟུགས་བརྙན་བཟང་པོ་མཚོན་ཆེད་ཀྱི་སྐར་ཁུང་གལ་ཆེན་ཞིག་ཀྱང་ཡིན། འབྲེལ་ཡོད་སྡེ་ཚན་ཁག་གིས་ཚད་མཐོའི་མཐོང་ཆེན་དང་མཉམ་ལས་དམ་ཟབ་བྱེད་པ་དང་། རང་ལྗོངས་ཀྱི་ཡུལ་སྐོར་བ་མང་བའི་དུས་ཚིགས་དང་ཟུང་འབྲེལ་བྱས་ནས་ཕྱོགས་ཁག་གི་ཡུལ་སྐོར་བར་སྣེ་ལེན་ཞུ་བའི་ལས་དོན་གྱི་བཀོད་སྒྲིག་དང་བླང་བྱ་དང་ཟུང་འབྲེལ། རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་ལས་དོན་ཡག་པོ་སྒྲུབ་པ། ལྷུ་ཚིགས་ཁག་གི་ཞབས་ཞུ་འགན་ལེན་ལས་དོན་ཞིབ་ཚགས་དང་ཏན་ཏིག་སྒྲུབ་པ་བཅས་བྱས་ནས། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་བདེ་ཐང་ནུས་ཤུགས་ཡོད་རྒུས་འགན་ལེན་བྱེད་དགོས་ཞེས་གསུངས་པ་རེད། བརྟག་ཞིབ་ཚོགས་ཆུང་གིས་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་དང་། མཛེས་ལྗོངས་ཁུལ་གྱི་ཁོར་ཡུག་གི་སྤུས་ཚད་དང་། ཞབས་ཞུའི་སྤུས་ཚད། ཡུལ་སྐོར་གྱི་སྤུས་ཚད། སྤྱི་པའི་ཞབས་ཞུའི་སྤུས་ཚད་བཅས་སྔར་བས་མཐོ་རུ་གཏོང་བ། ལྷག་པར་དུ་ཉེ་དུས་ཡུལ་སྐོར་བ་མང་དུ་འགྲོ་བའི་གནས་ཚུལ་ལ་དམིགས་ནས་དྲིལ་བསྒྲགས་ཁྲིད་སྟོན་ལ་ཤུགས་སྣོན་རྒྱག་པ། ཡ་རབས་ངང་ཡུལ་སྐོར་དང་། ལྗང་མདོག་ཡུལ་སྐོར། བདེ་འཇགས་ཡུལ་སྐོར་བཅས་དར་སྤེལ་བཏང་ནས་ཡུལ་སྐོར་བར་བདེ་འཇགས་དང་། སྐྱིད་སྣང་། སྟབས་བདེ་བཅས་ཀྱི་ཡུལ་སྐོར་ཁོར་ཡུག་ཅིག་སྐྲུན་དགོས་པའི་བླང་བྱ་བཏོན་པ་རེད།