《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2021年07月20日

བདེ་སྐྱིད་ལྡན་པའི་འཚོ་བར་རོལ།

བོད་ནི་རྒྱལ་ཡོངས་ནས་དབུལ་ཕོངས་ཐོན་ཚད་མང་ཤོས་དང་། དབུལ་ཕོངས་ཚབས་ཆེ་ཤོས། དབུལ་སྐྱོར་མ་གནས་མཐོ་ཤོས། དབུལ་སྒྲོལ་དཀའ་ཚེགས་ཆེ་ཤོས་བཅས་ཀྱི་གཅིག་སྡུད་ཡུག་སྦྲེལ་གྱི་དམིགས་བསལ་དཀའ་ངལ་ཡོད་པའི་ས་ཁུལ་ཞིག་རེད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས“སེམས་ཁྲལ་མེད་པ་གཉིས་དང་འགན་ལེན་གསུམ”དང་དབུལ་པོ་དབུལ་ནག་གི་གནས་ལས་སྒྲོལ་བའི་དམིགས་ཚད་ལ་དམིགས་པ་དང“འབྲེལ་བ་ཆ་བཅུ་གསུམ”ཐག་གཅོད་ཡང་དག་བྱ་རྒྱུ་ལས་ཀའི་བྱ་ཐབས་ལ་བརྩིས་ནས་གནད་སྨིན་ཇུས་འདོན་དང་གནད་སྨིན་རོགས་སྐྱོར་བྱས་ཏེ་ཐོན་ལས་འདེགས་སྐྱོར་དང་། སྲིད་ཇུས་ཀྱི་ལྕག་སྐུལ། ལས་ཞུགས་སྔོན་ལ་འཇོག་པ། བོད་སྐྱོར་རོགས་སྐྱོར། སྤྱི་ཚོགས་འགན་སྲུང་ཐ་སྐྱོང་སོགས་ཀྱི་ལས་དོན་ཁག་སྤྱི་འདོམས་ངང་ཡག་པོ་བསྒྲུབས་པས། དབུལ་སྒྲོལ་འགག་སྒྲོལ་ལ་ཕྱོགས་ཡོངས་ནས་རྒྱལ་ཁ་ཐོབ་པ་དང་དབུལ་པོ་དབུལ་ནག་གི་གནད་དོན་ལོ་རྒྱུས་རང་བཞིན་གྱི་སྒོ་ནས་བསལ་ཡོད།

2019ལོའི་ལོ་མཇུག་བར་ལྗོངས་ཡོངས་ཀྱི་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོའི་མི་འབོར་ཁྲི་62.8ཆ་ཚང་དབུལ་སྒྲོལ་ཐུབ་པ་དང་། རྫོང་དང་ཆུས་དབུལ་པོ་74ཚང་མ་དབུལ་ཞྭ་ཕུད་དེ་དབུལ་པོ་དབུལ་ནག་གི་གནད་དོན་ལོ་རྒྱུས་རང་བཞིན་གྱི་སྒོ་ནས་བསལ་ཡོད། མིག་སྔར་དབུལ་སྒྲོལ་ཟིན་པའི་མི་འབོར་ལ་ལོ་རེར་མི་རེར་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་ཁྲི་1ལྷག་ཙམ་ལས་བརྒལ་བ་དང་དབུལ་སྒྲོལ་གྱི་གྲུབ་འབྲས་སྔར་བས་བརྟན་དུ་སོང་ཡོད།

ཐོན་ལས་དབུལ་སྐྱོར་བྱས་ཏེ“དབུལ་པོའི་རྩ་བ་དྲུངས་ནས་འབྱིན་པ”

ཆོས་དཔལ་རྡོ་རྗེས་ཆུང་དུས་ནས་ཕའི་འགྲམ་དུ་ཤིང་བཟོ་སྦྱངས་པ་དང་2013ལོར་ཁོང་གིས་བོད་བཟོའི་ཁྱིམ་ཆས་ཀྱི་ཆེད་ལས་མཉམ་ལས་ཁང་ཞིག་བཙུགས་ཤིང་། ཨ་ཕས་ཁྱིམ་ཆས་བཟོ་བའི་ལག་རྩལ་ལ་དམ་འཛིན་བྱས་པ་དང་ཆོས་དཔལ་རྡོ་རྗེས་ཁྲོམ་རའི་ཐོག་འཚོང་བའི་འགན་འཁུར་གྱི་ཡོད། ལོ་འགའ་ཤས་འཕེལ་རྒྱས་བཏང་བ་བརྒྱུད་ཆོས་དཔལ་རྡོ་རྗེའི་བྱ་གཞག་ལ་གྲུབ་འབྲས་མི་དམན་པ་ཞིག་ཐོབ་ཡོད། འོན་ཀྱང་ཁོང་གིས་དེར་བློ་ཡིད་ཚིམ་ནས་མ་བསྡད་པར་མཉམ་ལས་ཁང་རྒྱ་སྟོབས་ཆེ་རུ་གཏོང་རྒྱུའི་བསམ་བློ་བཏང་ཞིང་། 2018ལོའི་ཟླ་2པར་ཆོས་དཔལ་རྡོ་རྗེས་བོད་ཀྱི་གདུང་མ་ཚང་ཁེ་ལས་ཚད་ཡོད་ཀུང་སི་བཙུགས་པ་མ་ཟད། ཡུལ་དེའི་ངལ་རྩོལ་ནུས་ཤུགས་ལས་ཀར་ཧུར་ཐག་བཅུག་ཡོད།

སྐབས་དེ་དུས་ཆོས་དཔལ་རྡོ་རྗེའི་ཨ་ཞང་ཨོ་རྒྱན་རྡོ་རྗེས་ཁོང་བཙལ་ཞིང་། ལོ་50ལྷག་ཙམ་ལ་སླེབས་པའི་ཨོ་རྒྱན་རྡོ་རྗེ་ནི་ལྷོ་བྲག་རྫོང་དབང་པོ་སྐྱོན་ཅན་གསོ་སྦྱོང་ཚད་ཡོད་འགན་འཁྲི་ཀུང་སིའི་འགན་འཁུར་བ་ཡིན་པ་དང་། ཁོང་གིས་ཀུང་སིའི་དབང་པོ་སྐྱོན་ཅན་གྱི་འཚེམ་བཟོ་བ་20ལྷག་ཙམ་ལ་འབྱུང་འགྱུར་ཡག་པོ་ཞིག་ཡོང་རེ་བྱེད་ཀྱི་ཡོད་མོད། འོན་ཀྱང་ལོ་ཚོད་དང་མཐོང་རྒྱ་ཐོས་རྒྱའི་དབང་གིས་སེམས་པས་བསམས་ཀྱང་ལུས་པོས་མི་ལྕོགས་པས། ཨོ་རྒྱན་རྡོ་རྗེས་ཆོས་དཔལ་རྡོ་རྗེར་ཀུང་སི་གཉེར་སྐྱོང་གི་འགན་འཁུར་རྒྱུའི་རེ་བ་བཅོལ།

(པར་ངོས་བཞི་པར་གཟིགས)

(པར་ངོས་དང་པོར་མཐུད) བསམ་གཞིག་ནན་ཏན་བྱས་པ་བརྒྱུད། ཆོས་དཔལ་རྡོ་རྗེས་འདི་ལོའི་ཟླ་4པར་ལྷོ་བྲག་རྫོང་དབང་པོ་སྐྱོན་ཅན་གསོ་སྦྱོང་ཚད་ཡོད་འགན་འཁྲི་ཀུང་སི་རྩིས་ལེན་རྒྱུའི་ཁས་བླངས་པ་དང་། ཟླ་བ་དེར་ཆོས་དཔལ་རྡོ་རྗེས་ཀུང་སིའི་དབང་པོ་སྐྱོན་ཅན་ལས་མིའི་གླ་ཆ་སྤར་བ་རེད།

“ལྷོ་བྲག་རྫོང་ཨུད་དང་རྫོང་སྲིད་གཞུང་གི་རྒྱབ་སྐྱོར་དང་ཐུགས་ཁུར་འོག་ལྷོ་བྲག་རྫོང་དབང་པོ་སྐྱོན་ཅན་གསོ་སྦྱོང་ཚད་ཡོད་འགན་འཁྲི་ཀུང་སི་བཙུགས་པ་དང་རང་མོས་དང་འཇོན་ཐང་ཡོད་ཚེ་དབང་པོ་སྐྱོན་ཅན་ཚང་མ་འདི་གར་འཚེམ་བཟོའི་ལག་རྩལ་སྦྱོང་བར་ཡོང་ཆོག་པ་མ་ཟད། ཁོང་ཚོར་རང་ཉིད་ཀྱི་འབད་བརྩོན་ལ་བརྟེན་ནས་ལས་དབང་ལ་འགྱུར་ལྡོག་བཏང་སྟེ་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་རྒྱུའི་ལྕག་སྐུལ་ཡང་བྱས་ཡོད” ལྷོ་བྲག་རྫོང་དམངས་སྲིད་ཅུས་ཀྱི་ཅུས་ཀྲང་ནོར་རྒྱས་ཀྱིས་མིག་སྔར་ལྷོ་བྲག་རྫོང་གི་དབང་པོ་སྐྱོན་ཅན་གསོ་སྦྱོང་ཚད་ཡོད་འགན་འཁྲི་ཀུང་སིར་དབང་པོ་སྐྱོན་ཅན་25ཡོད་པ་མ་ཟད། སྲིད་གཞུང་གི་རོགས་རམ་འོག་ལྷོ་བྲག་རྫོང་ཡོངས་ཀྱི་སློབ་མའི་སློབ་གོས་ཀྱང་དམིགས་བསལ་གྱི་ལས་བཟོ་དེ་དག་བཟོ་རུ་འཇུག་གི་ཡོད་ཅེས་བརྗོད།

2016ལོ་ནས་བཟུང་། རང་ལྗོངས་ཀྱིས་རིམ་རྩིས་བྱས་ན་ཞིང་འབྲེལ་མ་དངུལ་སྒོར་དུང་ཕྱུར་753.8བསྡུ་སྒྲིལ་བྱས་ནས་དབུལ་སྒྲོལ་འགག་སྒྲོལ་ལ་སྤྱད་པ་དང་། ཐོན་ལས་དབུལ་སྐྱོར་རྣམ་གྲངས་3037ལག་བསྟར་བྱས་པ། ཡིག་ཚགས་དང་གཱ་བཟོས་པའི་མང་ཚོགས་དབུལ་པོ་ཁྲི་23.8དབུལ་སྒྲོལ་ཡོང་བར་ཐད་ཀར་སྐུལ་ཁྲིད་བྱས་པ། སྐྱེད་གསབ་དངུལ་བུན་སྒོར་དུང་ཕྱུར་647.68དང་འབོར་ཉུང་ཡིད་རྟོན་དངུལ་བུན་སྒོར་དུང་ཕྱུར་63.32བཏང་ནས་ཐོན་ལས་འཕེལ་རྒྱས་ལ་འདེགས་སྐྱོར་ཤུགས་ཆེན་བྱས་ཡོད།

ཡུལ་གཞན་དུ་སྤོས་ཏེ“དབུལ་ཚང་ནས་དོན་པ”

ཡར་ཀླུང་གཙང་པོའི་འགྲམ་གྱི་སྲིན་བུ་རིའི་དེང་རབས་ཞིང་ལས་དཔེ་སྟོན་གླིང་དུ་སྲི་ཆོད་ཆོས་རྒྱལ་གྱིས་ཤིང་ཏོག་དང་སྔོ་ཚལ་སོས་པ་བཏུས་ཏེ་ལྷ་ས་ནས་ཡོང་བའི་ཡུལ་སྐོར་བར་བྲོ་བ་མྱོང་དུ་བཅུག ཁོང་ནི་ས་བབ་ཤིན་ཏུ་མཐོ་བའི་གནས་སྤོས་བཀོད་སྒྲིག་བྱ་ཡུལ་སྲིན་བུ་རིའི་མང་ཚོགས་ཡིན་ཞིང་། ཞིང་རའི་ནང་ལས་ཀ་བྱེད་ཀྱི་ཡོད་པས་ཉིན་རེར་གླ་ཆ་སྒོར་160ཡོད།

“བྱང་རྩྭ་ཐང་དུ་སྡོད་སྐབས་འབྲོག་པས་འཚོ་བ་འདི་འདྲ་སྐྱེལ་ཐུབ་ཨེ་ཡོང་སྙམ་ནས་དང་ཐོག་གནས་སྤོ་འདོད་མ་བྱུང་། འོན་ཀྱང་གནས་སྤོས་རྗེས་རྒྱ་ཆེ་ལ་དཀར་ཆ་དོད་པའི་ཁང་པ་གསར་པའི་ནང་སྡོད་རྒྱུ་བྱུང་བ་མ་ཟད། ད་དུང་སྒོ་རྩར་ལས་ཞུགས་ཐུབ་སྟེ་ཡོང་འབབ་ཀྱང་གསོག་ཐུབ་པས་དངོས་གནས་ཡག་པོ་འདུག”ཅེས་སྲི་ཆོད་ཆོས་རྒྱལ་གྱིས་འཛུམ་དམུལ་དམུལ་ངང་བཤད།

2016ལོ་ནས་བཟུང་རང་ལྗོངས་ཀྱིས་དབུལ་སྐྱོར་དབུལ་སྒྲོལ་དམིགས་ཚད་དུ་བྱས་ཏེ་ཡུལ་གཞན་དུ་གནས་སྤོ་བྱེད་ཤུགས་ཆེ་རུ་བཏང་ཞིང་། 2020ལོའི་བར་ས་བབ་ཅུང་དམའ་བ་དང་ཐོན་སྐྱེད་དང་འཚོ་བར་འཚམ་པའི་ས་ཁུལ་དུ་གནས་སྤོས་དབུལ་སྐྱོར་ཁུལ(ས་ཚིགས)964བསྐྲུན་པ་དང་མི་ཁྲི་26.6རང་མོས་ངང་གནས་སྤོས་ཡོད། ལྗོངས་ཡོངས་ཀྱི་ཐོན་ལས་དབུལ་སྐྱོར་མ་དངུལ་གྱི་5%བཀོད་སྒྲིག་བྱ་ཡུལ་གྱི་ཐོན་ལས་འཕེལ་རྒྱས་ལ་སྤྱད་དེ་གནས་སྤོས་དུད་ཚང་རེར་ཉུང་མཐར་ཡང་མི་གཅིག་ལས་ཞུགས་ཐུབ་པའི་འགན་ལེན་བྱས་པས་གཞིས་ཆགས་ཐུབ་པ་དང་། ལས་ཞུགས་ཐུབ་པ། རིམ་བཞིན་ཕྱུག་འགྱུར་ཐུབ་པ་བཅས་བྱུང་ཡོད།

ཏང་འཛུགས་སྐྱོང་ལ་བརྟེན་ཏེ་དབུལ་སྒྲོལ་ལ་ཤུགས་སྣོན་བརྒྱབ་པ།

ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། རང་ལྗོངས་ཀྱིས་ལས་བྱེད་པ་གྲོང་ཚོར་བཅའ་སྡོད་དང་ཧྲུའུ་ཅི་དང་པོ་འདེམས་གཏོང་བྱེད་པའི་ལས་དོན་གཏིང་ཟབ་སྤེལ་བ་དང་། ནུས་མེད་ཟབ་ཟོབ་ཀྱི་ཞིང་འབྲོག་ཁུལ་གྱི་ཏང་རྩ་འཛུགས་ལེགས་སྒྲིག་བྱེད་པ། དབུལ་སྒྲོལ་འགག་སྒྲོལ་གྱི་ཞིང་འབྲོག་ཁུལ་གྱི་གཞི་རིམ་ཏང་རྩ་འཛུགས་རྩེ་གྲ་བརྒྱར་གཟེངས་བསྟོད་བྱེད་པ། གྲོང་ཚོའི་ཏང་རྩ་འཛུགས་ཀྱི་ཧྲུའུ་ཅི་ལྗོངས་ཕྱིར་རེས་སྐོར་གསོ་སྦྱོང་བྱེད་ཤུགས་ཆེ་རུ་གཏོང་བ། གྲོང་ཚོའི་ཏང་རྩ་འཛུགས་ཀྱི་ཕུལ་བྱུང་ཧྲུའུ་ཅི་ཤང་དང་གྲོང་རྡལ་གྱི་གཞུང་ལས་པ་དང་ཤང་དང་གྲོང་རྡལ་གྱི་བྱ་གཞག་སྒྲིག་ཁོངས་ཀྱི་མི་སྣའི་གྲས་སུ་བསྡུ་བ། མཐོ་སློབ་སློབ་ཐོན་སློབ་མའི་ཁྲོད་ནས་གྲོང་གསེབ་དར་རྒྱས་ཀྱི་ཆེད་བསྐོས་ལས་བྱེད་པ་བསྡུ་བ་བཅས་བྱས་ནས་གཞི་རིམ་ཏང་རྩ་འཛུགས་ཀྱི་དམག་འཐབ་ནུས་པ་ཆེ་རུ་བཏང་ཡོད།

ལྷོ་བྲག་རྫོང་ལྷོ་བྲག་གྲོང་རྡལ་ཚེ་སྨད་སྡེ་ཁུལ་དུ་སྐབས་དང་པོའི་གྲོང་མི་ཨུ་ཡོན་ལྷན་ཁང་བཙུགས་རྗེས་འཕེལ་རྒྱས་དང་འཕོ་འགྱུར་ཆེན་པོ་བྱུང་ཡོད། རྡོ་རྗེ་དབང་ཕྱུག་ཧུའུ་པེ་ཨེན་ཧྲི་ལས་རིགས་ལག་རྩལ་སློབ་གླིང་ནས་ཐོན་རྗེས་ཕ་ཡུལ་ལྷོ་བྲག་ཏུ་ལོག་ནས་གྲོང་གསེབ་དར་རྒྱས་ཀྱི་ཆེད་བསྐོས་ལས་བྱེད་པའི་དཔུང་ཁག་ནང་ཞུགས་ཏེ་ལྷོ་བྲག་རྫོང་ལྷོ་བྲག་གྲོང་རྡལ་ཚེ་སྨད་སྡེ་ཁུལ་གྱི་གྲོང་གསེབ་དར་རྒྱས་ཀྱི་ཆེད་བསྐོས་ལས་བྱེད་པར་གྱུར་ཡོད།

ཁ་ལོ་བའི་ལག་རྩལ་བྱང་ཆུབ་པའི་རྡོ་རྗེ་དབང་ཕྱུག་གིས་གསར་འགོད་པ་ཁྲིད་དེ་གཞུང་ལམ་ཀྱག་ཀྱོག་འགའ་བརྒྱུད་ཚེ་སྨད་སྡེ་ཁུལ་གྱི་འཇའ་ཚོན་ལུང་ཤུར་དུ་འབྱོར། ལྷོ་བྲག་རྫོང་གྲོང་དང་བར་ཐག་སྤྱི་ལེ་བཅུ་གྲངས་ཆོད་པའི་ས་ཆ་དེ་ནི་མིང་དོན་མཚུངས་པའི་དབེན་པའི་དགའ་ཚལ་རང་རེད་འདུག དེ་གའི་གངས་རི་དང་། མཚེའུ། རྩྭ་ཐང་། ཁུ་བྱུག ཆུ་མོ་བཅས་ལྟ་བས་མི་ངོམ་པའི་མཛེས་ལྗོངས་ལས་ཡིད་ཀྱི་དབང་པོ་རབ་ཏུ་འཕྲོག

འཇའ་ཚོན་ལུང་ཤུར་དུ་རྡོ་རྗེ་དབང་ཕྱུག་གིས་རང་ཉིད་ཀྱི་གྲོང་གསེབ་དར་རྒྱས་ཀྱི་ཕུགས་འདུན་སྐོར་གླེང་ཞིང་། ཁོང་གིས“ཚེ་སྨད་སྡེ་ཁུལ་གྱི་འཇའ་ཚོན་ལུང་ཤུར་ལ་ཐུན་མོང་མ་ཡིན་པའི་རང་བྱུང་ལེགས་ཆ་ལྡན་ཁར། རྫོང་གྲོང་དང་བར་ཐག་ཉེ་བས་གཟའ་མཇུག་ཏུ་མང་ཚོགས་ཚོའི་སྤྲོ་གསེང་གཏོང་ཡུལ་དུ་གྱུར་ཡོད། གྲོང་གསེབ་དར་རྒྱས་ཀྱི་ཆེད་བསྐོས་ལས་བྱེད་པ་ཞིག་ཡིན་པའི་ངས། འདི་གར་སྤྲོ་གསེང་བྱ་ཡུལ་བཏོད་དེ་གཅིག་ནས་རྫོང་གྲོང་གི་རྒྱ་ཆེའི་ལས་བྱེད་པ་དང་ལས་བཟོ་ཚོ་དང་དེ་བཞིན་ཉེ་འཁོར་གྱི་མང་ཚོགས་ཚོར་གཟའ་མཇུག་སྤྲོ་གསེང་བྱ་ཡུལ་མཁོ་འདོན་བྱ་རྒྱུ་དང་། གཉིས་ནས་ཚེ་སྨད་སྡེ་ཁུལ་གྱི་མང་ཚོགས་ཚོའི་ཡོང་འབབ་མང་དུ་གཏོང་རྒྱུ་ཡིན་ལ། རང་ཉིད་ཀྱི་གྲོང་གསེབ་དར་རྒྱས་ཀྱི་ཆེད་བསྐོས་ལས་བྱེད་པའི་རིན་ཐང་མངོན་པ་བྱ་རྒྱུ་ཡང་ཡིན”ཞེས་བརྗོད།

ཇི་ལྟར་བྱས་ནས་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་རྒྱུ་དེ་གྲོང་གསེབ་དར་རྒྱས་གཏོང་རྒྱུ་དང་སྦྲེལ་མཐུད་ནུས་ལྡན་བྱེད་དགོས་མིན་ནི་གྲོང་གསེབ་དར་རྒྱས་ཀྱི་ཆེད་བསྐོས་ལས་བྱེད་པས་ཐག་གཅོད་བྱེད་དགོས་པའི་གནད་དོན་གལ་ཆེ་ཤོས་དེ་རེད།

སྣེ་གདོང་ཆུས་སོ་དྲུག་ཤང་གིས་གྲོང་གསེབ་དར་རྒྱས་ཐོན་ལས་ཀྱི་ཏང་ཀྲི་པུའུ་བཙུགས་ནས“ཏང་འཛུགས་སྐྱོང་+”ཀྱི་ལས་དོན་སྤེལ་སྟངས་འཚོལ་ཞིབ་བྱས་ཏེ་ཕྱོགས་ཡོངས་ནས་གྲོང་གསེབ་དར་རྒྱས་ལ་སྐུལ་འདེད་བཏང་ཡོད།

“ང་ཚོས་བོད་སྨན་སྨན་རྒྱུ་འདེབས་འཛུགས་དང་། རི་མཐོའི་འབྲོག་ལས་གསོ་ཚགས། གྲོང་གསེབ་ཀྱི་སྐྱེ་ཁམས་ཡུལ་སྐོར་སོགས་ཀྱི་ཏང་ཚོགས་ཆུང་བཙུགས་ཏེ་ཏང་གིས་ཐོན་ལས་འཕེལ་རྒྱས་ལ་ཁྲིད་སྟོན་བྱེད་ཤུགས་ཆེ་རུ་དང་ཐོན་ལས་ཀྱི་གོང་བུ་འགྲིལ་ཤུགས་ཆེ་རུ་བཏང་བ་དང་། རང་སྐྱོང་ལྗོངས་སྤྱི་ཚོགས་ཚན་རིག་ཁང་དང་སྨན་རྩིས་ཁང་སོགས་ཚན་ཞིབ་ཚན་པ་དང་འབྲེལ་མཐུད་ནུས་ལྡན་བྱས་པ་བརྒྱུད་བོད་ཕག་གསོ་ཚགས་དང་བོད་སྨན་སྨན་རྒྱུ་འདེབས་འཛུགས་སོགས་ཀྱི་ཁྱད་ལྡན་ཐོན་ལས་གྲུབ་ཡོད”ཅེས་སོ་དྲུག་ཤང་གི་ཤང་ཀྲང་ནོར་བུ་བསམ་གྲུབ་ཀྱིས་དེ་ལྟར་བརྗོད།

མི་དམངས་ཀྱིས་མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་རེ་འདོད་ནི་ང་ཚོའི་འབད་འཐབ་དམིགས་ཚད་ཡིན། དབུལ་པོའི་ཞྭ་མོ་ཕུད་པ་ནི་མཇུག་འགྲིལ་བ་ཞིག་མིན་པར་འཚོ་བ་གསར་པ་དང་འབད་འཐབ་གསར་པ་འགོ་ཚུགས་པ་ཞིག་རེད། འགོ་འཛུགས་ས་གསར་པའི་ཐོག་ནས་རང་ལྗོངས་ཀྱིས་དབུལ་སྒྲོལ་གྱི་སྤུས་ཚད་རྒྱུན་ཆད་མེད་པར་ལེགས་སུ་བཏང་སྟེ། དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་བའི་རྨང་གཞིའི་ཐོག གྲོང་གསེབ་དར་རྒྱས་དང་འབྲེལ་མཐུད་ནུས་ལྡན་བྱས་ནས་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་རྒྱུ་རེད།