《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2021年07月20日

ཏང་འཛུགས་སྐྱོང་གིས་སྤུས་ལེགས་སློབ་གསོར་ཁྲིད་སྟོན་བྱས་པ།

—— ཀྲུང་གུང་ཆབ་མདོ་གྲོང་ཁྱེར་ཚོད་ལྟའི་སློབ་ཆུང་གི་སྤྱི་ཁྱབ་ཀྲི་པུའུ་ཨུ་ལྷན་གྱི་སྐོར་བཀོད་པ།

1951ལོར་བཙུགས་པའི་ཆབ་མདོ་གྲོང་ཁྱེར་ཚོད་ལྟའི་སློབ་ཆུང་ནི་ཏང་གིས་བོད་དུ་བཙུགས་པའི་དེང་རབས་ཀྱི་སློབ་གྲྭ་དང་པོ་རེད་ལ། བོད་ཀྱི་དེང་རབས་སློབ་གསོའི་འགོ་ཚུགས་ས་ཞིག་ཀྱང་རེད། 2015ལོའི་ཟླ་7པར་ཀྲུང་གུང་ཆབ་མདོ་གྲོང་ཁྱེར་ཚོད་ལྟའི་སློབ་ཆུང་གི་སྤྱི་ཁྱབ་ཀྲི་པུའུ་ཨུ་ལྷན་དངོས་སུ་བཙུགས་ནས། སྐྱེ་སྟོབས་ཀྱི་དཔལ་འབར་བ་དང་། ཏང་གཤིས་བརྟན་པ། སློབ་རྩལ་ཕུལ་དུ་བྱུང་བ་བཅས་ཀྱི་ཏང་ཡོན་གྱི་དགེ་རྒན་དཔུང་ཁག་ཅིག་དངོས་སུ་གྲུབ་པ་དང་། མིག་སྔའི་བར་ཏང་ཡོན་དགེ་རྒན་64ཡོད།

2021ལོར་གཞི་རིམ་ཏང་རྩ་འཛུགས་ཀྱི་དཔེ་སྟོན་སྣེ་ཁྲིད་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱ་ཆེད། རང་སྐྱོང་ལྗོངས་ཏང་ཨུད་རྩ་འཛུགས་པུས་ལྗོངས་ཡོངས་ཀྱི་གཞི་རིམ་གྱི་དཔེ་སྟོན་ཏང་རྩ་འཛུགས་100ལ་མིང་བཏགས་ནས་སྒོ་བྱང་བཀལ་བ་དང་། ཆབ་མདོ་གྲོང་ཁྱེར་ཚོད་ལྟའི་སློབ་ཆུང་འདི་ཉིད་ལྗོངས་ཡོངས་ཀྱི་གཞི་རིམ་ཏང་འཛུགས་སྐྱོང་གི་དཔེ་སྟོན་ས་ཚིགས་100ཡི་གྲས་སུ་བདམས་ཡོད།

ཆབ་མདོ་གྲོང་ཁྱེར་ཚོད་ལྟའི་སློབ་ཆུང་གི་ཏང་སྤྱི་ཁྱབ་ཀྲི་པུའུ་ཡིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་། དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ། “དེ་བས་གསུམ”གྱི་ཆེད་དོན་སློབ་གསོ་སོགས་སློབ་སྦྱོང་དང་། དྲིལ་བསྒྲགས། ལག་བསྟར་བཅས་བྱེད་པ་ཏང་ཡོན་ཡོངས་ཀྱི་སློབ་གསོའི་ལས་ཀའི་ཐོག་མཐའ་བར་གསུམ་དུ་ཁྱབ་པར་བྱས་ཡོད། དེ་དང་ཆབས་ཅིག་དེ་སྔའི“འགོ་ཁྲིད་ཚན་ཁག་ལེགས་པ་དང་། ཏང་ཡོན་དཔུང་ཁག་ལེགས་པ། ལས་ཀའི་ལམ་སྲོལ་ལེགས་པ། ལས་ཀའི་གྲུབ་འབྲས་ལེགས་པ། དགེ་སློབ་དང་ཁྱིམ་བདག་གི་ཚུར་སྣང་ལེགས་པ”བཅས་ཀྱི་བླང་བྱའི་རྨང་གཞིའི་ཐོག་དོན་དངོས་དང་ཟུང་འབྲེལ་བྱས་ཏེ། “གཅིག་རེ་དྲུག”གི་ཁྱད་ལྡན་ཏང་འཛུགས་སྐྱོང་གི་སྤུས་རྟགས (བརྩོན་སྐྱེད་ཀྱི་དཔེ་དེབ་གཅིག་ཀློག་པ་དང་། སྤུས་ལེགས་ཀྱི་སློབ་ཚན་གཅིག་ཚོགས་པ། ཞིབ་འཇུག་བྱ་གཞི་ཆུང་ངུ་གཅིག་ལེགས་སྒྲུབ་བྱེད་པ། སློབ་མ་དབུལ་པོ་གཅིག་ལ་རོགས་སྐྱོར་བྱེད་པ། སྤྱོད་ལམ་ཐད་གནད་དོན་ཅུང་ཟད་ཡོད་པའི་སློབ་མ་གཅིག་ལ་ཁྲིད་སྟོན་ཡང་དག་བྱེད་པ། ཏང་ཕྱིའི་བློ་མཐུན་གཅིག་ལ་འབྲེལ་གཏུག་བྱེད་པ)བཏོད་ནས་ཏང་འཛུགས་སྐྱོང་གི་ལས་དོན་དེ་སློབ་ཁྲིད་ལས་དོན་དང་མཉམ་འདྲེས་གཏིང་ཟབ་ཐུབ་རྒྱུར་སྐུལ་འདེད་ཏན་ཏིག་བཏང་ཡོད།

ཆབ་མདོ་གྲོང་ཁྱེར་ཚོད་ལྟའི་སློབ་ཆུང་དུ“ཏང་འཛུཌ་སྐྱོང་གིས་ཁྲིད་སྟོན་བྱས་པར”འགག་རྩའི་ནུས་པ་ཐོན་ཞིང་། སློབ་གྲྭའི་དགེ་རྒན་ཚང་མས“གཅིག་རེ་དྲུག”གི་ཚད་གཞི་ལག་བསྟར་ཧུར་ཐག་བྱས་ཏེ། མི་རིགས་བསྐྱར་དར་གྱི་འགན་འཁྲི་ལྕི་པོ་འཁུར་ཕོད་པའི་དུས་རབས་ཀྱི་མི་གསར་གསོ་སྐྱོང་ཧུར་ཐག་བྱ་ཕྱིར། འབད་འཐབ་ལྷོད་མེད་བྱས་ནས་སློབ་གསོ་སློབ་ཁྲིད་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་ཡོད།

2018ལོ་དང་2021ལོར་དགེ་རྒན་ལི་ཀང“ཆབ་མདོ་གྲོང་ཁྱེར་གྱི་སློབ་གསོའི་ཁོངས་གཏོགས་ཀྱི་སྔོན་ཐོན་ཏང་དོན་ལས་དོན་པ”དང“གྲོང་ཁྱེར་ཡོངས་ཀྱི་ཕུལ་བྱུང་གུང་ཁྲན་ཏང་ཡོན”ལ་སྔ་རྗེས་སུ་བདམས་ཡོད། སློབ་གྲྭར་ཁོང་གིས་རྟག་ཏུ་སློབ་མ་དབུལ་པོར་རོགས་རམ་བྱེད་པ་དང་། ཡིག་ཆས་དང་། སློབ་གོས། འོ་མ་སོགས་ཉོས་ཤིང་། འཚོ་བའི་ནང་སློབ་མ་དབུལ་པོར་དངོས་པོའི་ཆ་ནས་རོགས་རམ་བྱེད་པ་མ་ཟད། སློབ་སྦྱོང་ཐད་དེ་བས་ཐུགས་ཁུར་ཟབ་བཞེས་བྱས་པས་སློབ་མ་དབུལ་པོའི་སྦྱངས་འབྲས་མངོན་གསལ་དོད་པོས་ལེགས་སུ་ཕྱིན་པ་མ་ཟད། སློབ་མའི་གཤིས་ཀའང་ཉིན་བཞིན་ལེགས་སུ་སོང་ཡོད།

དགེ་རྒན་བསོད་ནམས་ཆོས་སྒྲོན་གྱི་ངོས་ནས་བཤད་ན། ད་ལོ་ནི་ཁོ་མོ་སློབ་ཁྲིད་ལས་ལ་ཞུགས་པའི་ལོ་19པ་རེད་ལ། རྩིས་རིག་དགེ་རྒན་ཞིག་ཡིན་པའི་ཁོང་གིས་སློབ་སྦྱོང་བྱེད་མཚམས་གཏན་ནས་འཇོག་མྱོང་མེད། ཁོ་མོས་བོད་སྐྱོར་དགེ་རྒན་གྱི་ས་ནས“སློབ་ཁྲིད་བྱེད་སྟངས”སློབ་སྦྱོང་དང་དགེ་རྒན་གཞན་དག་གི་སློབ་ཚན་ཟུར་ཉན་བྱས་ཏེ་རང་གི་ཁྲིད་སྟངས་ལ་རྒྱུན་ཆད་མེད་པར་ཕྱོགས་སྡོམ་བྱེད་པ་དང་། ལེགས་སུ་གཏོང་བ། འཐུས་སྒོ་ཚང་དུ་གཏོང་བ་སོགས་ལ་འབད་པ་རེད། ལོ་མང་རིང་ཁོང་དང་རྩིས་རིག་དགེ་རྒན་གཞན་དག་གིས་མཉམ་དུ་རྩིས་རིག་གི་མན་ངག་ཕྱོགས་སྡོམ་བྱས་ཏེ་སྦྱངས་འབྲས་ཞན་པའི་སློབ་མར་ལན་འདེབས་ཐབས་ཁོང་དུ་ཆུད་རོགས་བྱས་པས། སློབ་མའི་སློབ་སྦྱོང་གི་སྤྲོ་སེམས་ནུས་ལྡན་ངང་འཕེལ་བ་མ་ཟད། སློབ་སྦྱོང་གི་གྲུབ་འབྲས་ཀྱང་ལེགས་སུ་ཕྱིན་ཏེ་འཛིན་གྲྭའི་སྦྱངས་འབྲས་རྟག་པར་ལོ་རིམ་གཅིག་པའི་མདུན་གྲལ་དུ་སླེབས་ཀྱི་ཡོད།

ཀུན་སྤྱོད་སློབ་གསོའི་ཐད་བསོད་ནམས་ཆོས་སྒྲོན་གྱིས་སློབ་མ་ཚོར་སློབ་གསོ་ནན་པོ་རྒྱག་གི་ཡོད་ཅིང་། ཁོང་གིས“སློབ་མ་ཚོ་ལོ་ཆུང་ཆུང་ཡིན་རུང་། ཕྱོགས་གང་ས་ཅི་ཐད་ནས་སློབ་གསོར་དམ་འཛིན་བྱས་ན། སླད་ཕྱིན་གོ་ཆོད་པའི་ཤེས་ལྡན་པ་ཞིག་ཏུ་འགྱུར་ཐུབ”ཅེས་རྟག་ཏུ་ཤོད་ཀྱི་ཡོད། འདི་ལོར་བསོད་ནམས་ཆོས་སྒྲོན་ལ་སློབ་གསོའི་ཁོངས་གཏོགས་ཀྱི“ཕུལ་བྱུང་ཏང་ཡོན”གྱི་མཚན་སྙན་ཐོབ་ཡོད།

དགེ་རྒན་འཇམ་དབྱངས་མཁས་གྲུབ་ཀྱི་སློབ་ཁྲིད་བྱེད་སྟངས་ཆོབ་ཚ་ལ་དགོད་བྲོ་ཞིང་། སྔ་རྗེས་སུ་མཛེས་རྩལ་དང་། རོལ་དབྱངས། འབའ་གཞས་བཅས་ཀྱི་དགེ་རྒན་བྱེད་མྱོང་ཡོད། ཁོང་གིས་ཐོག་མཐའ་བར་གསུམ་དུ“ཤེས་ཡོན་ཡང་དག་པ་དེ་ལག་ལེན་ལས་ཐོན”ཞེས་པའི་འདུ་ཤེས་བཅངས་ནས་སློབ་མར་གོ་དོན་མཐིལ་རྟོགས་ཐུབ་རྒྱུའི་སློབ་སྟོན་བྱས་ཏེ་སློབ་མའི་དགའ་ཕྱོགས་གསོ་སྐྱོང་བྱེད་ཀྱི་ཡོད། ཁོང་གི་སྣེ་ཁྲིད་འོག་སློབ་མ་རྣམས་དཀའ་ངལ་ལ་མི་སྐྲག་པ་དང་དཀའ་བར་མི་འཛེམས་པར་མདུན་སྐྱོད་བྱེད་ཕོད་ལ། ལས་སྟེཌ་གང་རུང་དུ་རང་ཉིད་ངོམས་ཕོད་པར་གྱུར་ཅིང་། རང་གིས་རང་ལ་ཡིད་ཆེས་དང་། འཚེར་སྣང་མེད་པ། གྲུང་ཤ་དོད་པོ་ཞིག་ཏུ་གྱུར་ཡོད།

“ཏང་འཛུགས་སྐྱོང་གིས་ལམ་སྣེ་ཁྲིད”དེ་རྒྱ་ཆེའི་དགེ་རྒན་གྱི་སློབ་ཁྲིད་ཀྱི་ཧུར་སེམས་ཆེ་རུ་བཏང་བས་སྔོན་ཐོན་དཔེ་མཚོན་དང་གསོན་ཉམས་དོད་པའི་དཔེ་མཚོན་མང་པོ་ཐོན་པ་རེད། ད་ཆ་ཏང་ཡོན་དགེ་རྒན་གྱི་དཔེ་སྟོན་སྣེ་ཁྲིད་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱུང་སྟེ། རྒྱ་ཆེའི་དགེ་རྒན་ཚོས་རང་ཉིད་ཀྱིས་སློབ་ཁྲིད་བྱེད་པའི་སློབ་ཚན་ལ་བརྩོན་པ་དང་སློབ་ཁྲིད་བྱེད་སྟངས་གསར་གཏོད་བྱ་རྒྱུར་སྣེ་ཁྲིད་ཐུབ་ནས་སློབ་གྲྭའི་ནང་སློབ་གསོ་སློབ་ཁྲིད་ཀྱི་རྣམ་པ་ཟབ་མོ་ཞིག་ཆགས་ཡོད།

ཏང་འཛུགས་སྐྱོང་གི་ལས་དོན་དེ་སློབ་གསོ་སློབ་ཁྲིད་ལས་དོན་དང་ཟུང་འབྲེལ་ནུས་ལྡན་ཐུབ་པ་ལས་ཆབ་མདོ་གྲོང་ཁྱེར་ཚོད་ལྟའི་སློབ་ཆུང་གི་ཏང་འཛུགས་སྐྱོང་དང་སློབ་གསོ་གཉིས་མཉམ་འདྲེས་ལེགས་པོ་བྱུང་ནས་མཉམ་དུ་སྐུལ་འདེད་དང་མཐོར་གཏོང་ཐུབ་ཅིང་། དགེ་རྒན་ཚང་མ་ལྷབ་ལྷུབ་ཏུ་གཡོ་བའི་དར་ཆ་ལྟ་བུར་གྱུར་ཡོད།

(བསྟན་བཟང་གིས་བསྒྱུར། སྤེན་ཚེས་ཞུས)