《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2021年07月16日

གཉིས་གཏོད་བྱ་གཞག་ཚ་རླབས་འཕྱུར། གང་སར་གསོན་ཤུགས་གསར་པ་རྒྱས།

—— སྣེའུ་ཁུལ་གསར་གྱིས་ཐབས་མང་སྤྱད་དེ“གཉིས་གཏོད”བྱ་གཞག་འཕེལ་རྒྱས་ལ་སྐུལ་འདེད་བཏང་བ།

2020ལོར་སྣེའུ་ཁུལ་གསར་ལ་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་55.23བྱུང་བ་དེ་དུས་མཚུངས་ལས་8%འཕར་བ་དང་། ས་ཁུལ་ནོར་སྲིད་ཀྱི་སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་ཡོང་འབབ་སྒོར་དུང་ཕྱུར་13.17བྱུང་བ་དེ་དུས་མཚུངས་ལས་0.3%འཕར་བ། ཁྲལ་འབབ་སྣ་ཚོགས་སྒོར་དུང་ཕྱུར་39.69ཟིན་པ་དེ་དུས་མཚུངས་ལས་22.2%འཕར་བ། ཞིང་འབྲོག་པ་མི་རེར་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་18712ཟིན་པ་དེ་དུས་མཚུངས་ལས་12.7%འཕར་བ། ཚོང་འགུགས་མ་འདྲེན་གྱི་མ་དངུལ་སྒོར་དུང་ཕྱུར་56.78དམིགས་སར་འབྱོར་ཏེ་དམིགས་ཚད་ལས་འགན་གྱི་103.24%ཟིན་ཡོད། 2020ལོའི་ལོ་མཇུག་བར་ཁུལ་གསར་གྱིས་གྲངས་འཛིན་དཔལ་འབྱོར་ཁྱབ་ཁོངས་ཀྱི་ཁེ་ལས་ཁྱོན་1658ཐོ་འགོད་བྱས་པ་དང་ལོ་ཧྲིལ་པོར་གྲངས་འཛིན་དཔལ་འབྱོར་ཐོན་ལས་ཀྱི་ལས་གཉེར་ཡོང་འབབ་སྒོར་དུང་ཕྱུར་10ལྷག་ཙམ་ཟིན་ཡོད།

སེམས་རྩ་འཁོལ་བའི་ཞབས་འདེགས་ཞུས་ནས་ཁེ་ལས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་འདེགས་སྐྱོར་བྱས་པ།

ཉེ་ཆར། གསར་འགོད་པ་སྣེའུ་ཁུལ་གསར་གྱི་སྦྲང་ཚང་+གསར་གཏོད་ལྟེ་གནས་སུ་འབྱོར་སྐབས། ཐོག་སོ་དང་པོའི“གཉིས་གཏོད”ཞབས་འདེགས་ཚོམས་ཆེན་དུ་ལས་དོན་མི་སྣས་ལས་གཏོད་པར་ཞབས་འདེགས་ཞུ་བཞིན་འདུག ལས་གཏོད་པས་ཕུགས་གཏོད་སྣེའུ་ཡི་དྲ་ཐོག་འཆར་ངོས་ནས་ལས་གཏོད་རོགས་སྐྱོར་སྲིད་ཇུས་ཤེས་རྟོགས་དང་། ལས་གཏོད་གཞི་རྟེན་རེ་ཞུ། བཟོ་ཚོང་ཐོ་འགོད་སྒྲུབ་གཉེར། ནོར་ཁྲལ་ཚབ་གཉེར་སོགས་ཀྱི་ལས་སྒོ་སྣ་ཚོགས་སྒྲུབ་གཉེར་ཐུབ་ཀྱི་ཡོད། ལས་དོན་པ་མིག་དམར་གྱིས་གསར་འགོད་པར། ཉེ་བའི་ལོ་ཤས་ཚུན་དུ། ཞབས་འདེགས་ལྟེ་གནས་ཀྱིས་ནུས་ཤུགས་ཡོད་རྒུས“དྲ་ཐོག་དང་དྲ་ཕྱི་ཟུང་དུ་འབྲེལ་བའི”གཅིག་འཐུས་རྣམ་པའི་ཞབས་འདེགས་ཞུས་ནས་མངོན་གསལ་དོད་པའི་གནད་དོན་ཐག་གཅོད་བྱས་ཏེ“སྣེ་ལེན་པ”ཡག་པོ་ཞིག་བྱེད་ཀྱི་ཡོད་ཅེས་བརྗོད།

སྣེའུ་ཁུལ་གསར་གྱིས་ཁེ་ལས་མཁས་ཅན་གྱི་བཞུགས་མོལ་ཚོགས་འདུ་དང་། སྲིད་གཞུང་དང་ཁེ་ལས་དང་དངུལ་ཁང་གསུམ་གྱི་སྦྲེལ་མཐུད་ཚོགས་འདུ་དུས་བཀག་ལྟར་འཚོགས་ཤིང་། འདི་ལོ་ཚུན་དུ་ཁྱོན་ཁེ་ལས་མཁས་ཅན་གྱི་བཞུགས་མོལ་ཚོགས་འདུ་ཐེངས་4དང་སྲིད་གཞུང་དང་ཁེ་ལས་དང་དངུལ་ཁང་གསུམ་གྱི་སྦྲེལ་མཐུད་ཚོགས་འདུ་ཐེངས་1འཚོགས་ཏེ་བཅའ་སྡོད་ཁེ་ལས་དང་ངོ་འཕྲད་བཞུགས་མོལ་ཚོགས་འདུ་འཚོགས་ནས། བཅའ་སྡོད་ཁེ་ལས་ཀྱི་ལས་རིགས་འཕེལ་རྒྱས་འགྲོ་ཚུལ་དང་ཁེ་ལས་གཉེར་སྐྱོང་འཕེལ་རྒྱས་བརྒྱུད་རིམ་ཁྲོད་ཐོན་པའི་དཀའ་གནད་ཐག་གཅོད་ཏན་ཏིག་བྱས་པ་རེད། སྣེའུ་ཁུལ་གསར་དུ་ད་ཆ་སྒོར་ཁྲི་5000གི་ཉེན་གསབ་ཐེབས་རྩ་དང་། སྒོར་ཁྲི་2000གི་ཕོ་ཉའི་སྣེ་ཁྲིད་ཐེབས་རྩ། སྒོར་ཁྲི་500ཡི་གསར་གཏོད་འཛིན་ལོར་བཅས་བཙུགས་པ་མ་ཟད། འབྲེལ་ཡོད་རོགས་སྐྱོར་སྲིད་ཇུས་ཀྱང་བཏོན་ནས། མ་རྩའི་ཁྲོམ་ར་དང་སྦྲེལ་མཐུད་ཧུར་ཐག་དང་མ་དངུལ་བསྡུ་སྒྲིལ་གྱི་ཐབས་ལམ་ཤར་གཏོང་གིས་གསར་གཏོད་ལས་གཏོད་ཁེ་ལས་སྟོབས་ཆེར་འགྲོ་རྒྱུར་རྒྱབ་སྐྱོར་བྱེད་ཀྱི་ཡོད།

རྟ་ཕོ་ལྕག་གིས་བསྐུལ་ནས་ཚོང་འགུགས་མ་འདྲེན་བྱེད་མཚམས་མི་བཞག་པ།

ཚོང་འགུགས་མ་འདྲེན་ནི་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་རྨང་གཞི་གལ་ཆེན་ཞིག་རེད། གསར་འགོད་པར་སྣེའུ་ཁུལ་གསར“གཉིས་གཏོད”གཞུང་ལས་ཁང་ནས་ཤེས་རྟོགས་བྱུང་བར། སྲོལ་རྒྱུན་གྱི་ཚོང་འགུགས་མ་འདྲེན་བྱེད་ཐབས་ཁྲོད་ནས་ལམ་བུ་གསར་པ་འཚོལ་ཞིབ་བྱ་ཆེད། ཁུལ་གསར་གྱིས་ཆེད་མངགས་ཚོང་འགུགས་མ་འདྲེན་འགོ་ཁྲིད་ཚོགས་ཆུང་བཙུགས་ཏེ། 《ལྷ་ས་མཐོ་གསར་ཁུལ་གྱི་ཚོང་གཉེར་ཁོར་ཡུག་ལེགས་སུ་གཏོང་བའི་ལས་དོན་ཇུས་གཞི》བཏོན་སྟེ་སྡེ་ཚན་ཁག་གི་འགན་འཁྲི་གསལ་པོ་བཟོས་ནས། བརྒྱུད་རིམ་ཧྲིལ་པོ་དང་འཁོར་འབྲེལ་ཧྲིལ་པོའི་ཁེ་ལས་ཀྱི་ཞབས་འདེགས་ལམ་སྲོལ་གྲུབ་པར་བྱས་ཡོད། དེ་དང་ཆབས་ཅིག་ཞོ་སྟོན་དང་། མཐོ་གསར་ཁུལ་གྱི་ཚོང་འདུས། དེ་བཞིན་ལྗོངས་དཔལ་འབྱོར་ཆ་འཕྲིན་ཐིང་བཅས་ཀྱིས་པེ་ཅིང་དང་ཀོང་ཏུང་དུ་སྒྲིག་འཛུགས་བྱས་པའི་བོད་ཀྱི་མཐོ་གསར་གྲངས་འཛིན་དང་། ལྗང་མདོག་བཟོ་ལས། བཟོ་ལས་གླིང་གི་ཆེད་དོན་འོས་སྦྱོར་ཚོགས་འདུ་སོགས་ཀྱི་བྱེད་སྒོ་གོ་སྐབས་སུ་བྱེད་པ་དང་མཐོ་གསར་གྲངས་འཛིན་རིགས་ཀྱི་ཁེ་ལས་ལ་གཙོ་གནད་དུ་དམིགས་ཏེ་སྔ་རྗེས་སུ་པེ་ཅིང་དང་། ཧྲང་ཧའེ། ཁྲེང་ཏུའུ། ཀོང་ཀྲོའུ། ཤིས་ཨན་སོགས་སུ་ཚོང་འགུགས་མ་འདྲེན་གྱི་བྱེད་སྒོ་སྤེལ་བ་རེད།

དངོས་འཛིན་དངོས་སྒྲུབ་བྱས་ནས“གཉིས་གཏོད”དཔེ་སྟོན་གྱི་ཕན་འབྲས་མངོན་པར་བྱས་པ།

སྣེའུ་ཁུལ་གསར་གྱིས་གསར་གཏོད་ལ་བརྟེན་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་འཐབ་ཇུས་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ་ནུབ་རྒྱུད་ས་ཁུལ་གྱི“གཉིས་གཏོད”མཐོ་ས་གསར་པ་བསྐྲུན་པའི་དམིགས་ཚད་ལ་དམིགས་ཏེ“ཕུགས་གཏོད་ལྷ་ས། ཕུགས་འདུན་དོན་གཉེར་གྱི་སྣེའུ”དང“གཉིས་གཏོད”སྤུས་རྟགས་རྒྱུན་མཐུད་ངང་བཏོད་པ་རེད། མིག་སྔར་སྣེའུ་ཁུལ་གསར་དུ་ཁྱོན“གཉིས་གཏོད”གཞི་རྟེན་16ཡོད་པ་ལས་རྒྱལ་ཁབ་རིམ་པའི་ཀུན་གཏོད་བར་མཐོངས་1དང་། རྒྱལ་ཁབ་རིམ་པའི་ཕྲན་ཚེགས་ལས་གཏོད་གསར་གཏོད་དཔེ་སྟོན་རྟེན་གཞི་1 རང་སྐྱོང་ལྗོངས་རིམ་པའི་ཀུན་གཏོད་བར་མཐོངས་2 རང་སྐྱོང་ལྗོངས་རིམ་པའི་གསར་གཏོད་ལས་གཏོད་རྟེན་གཞི་3 གྲོང་ཁྱེར་རིམ་པའི་ཚན་རྩལ་སྐྱོང་གསོ་ཁང་7 གྲོང་ཁྱེར་རིམ་པའི་ཀུན་གཏོད་བར་མཐོངས་རྟེན་གཞི་3 གྲོང་ཁྱེར་རིམ་པའི་གསར་གཏོད་ལས་གཏོད་རྟེན་གཞི་2 གྲོང་ཁྱེར་རིམ་པའི་ཚོང་དོན་གཅིག་སྡུད་ཁུལ་1བཅས་ཚུད་ཡོད་པ་རེད།

2019ལོར་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས་ལྟ་ཞིབ་སྐུལ་ལྕག་གི་བརྡ་ཁྱབ་བཀྲམ་སྟེ་སྣེའུ་ཁུལ་གསར་གྱི་རྒྱལ་ཁབ“གཉིས་གཏོད”དཔེ་སྟོན་རྟེན་གཞི་འཛུགས་སྐྱོང་ལས་དོན་ལ་བསྔགས་བརྗོད་ཐོབ་པ་ནི་བོད་ཀྱི་རྫོང་རིམ་པའི་ཚན་པ་འབའ་ཞིག་དེ་ཡིན་པ་དང་། ལོ་དེ་རང་ལ་བཟོ་འཕྲིན་པུས་ཁྱབ་བསྒྲགས་བྱས་པའི《2019ལོ་འཁོར་གྱི་རྒྱལ་ཁབ་ཀྱི་ཕྲན་ཚེགས་ཁེ་ལས་ལས་གཏོད་གསར་གཏོད་དཔེ་སྟོན་རྟེན་གཞིའི་ཡོངས་བསྒྲགས་མིང་ཐོའི》ཁྲོད་རྒྱལ་སྤྱིའི་སྤྱི་ཁྱབ་པུའུ་གྲོང་གི་གསར་གཏོད་ལས་གཏོད་རྟེན་གཞི་ནི“གཉིས་གཏོད”གཞི་རྟེན་ནང་ཚུད་པའི་བོད་ཀྱི་རྟེན་གཞི་འབའ་ཞིག་དེ་ཡིན་པ་རེད།

(པད་ཆོས་ཀྱིས་བསྒྱུར། རིག་རྡོར་དང་པད་ཆོས་ཀྱིས་ཞུས)