《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2021年07月16日

རྒྱ་བོད་ཚིག་རྒྱན་ལོ་ཙཱའི་སྐོར་རགས་ཙམ་གླེང་བ།

ཚིག་རྒྱན་ནི་སྐད་ཆ་བེད་སྤྱོད་པའི་བརྒྱུད་རིམ་ཁྲོད་སྐད་ཆའི་མཚོན་ཐབས་སྣ་མང་ལ་བརྟེན་ནས་མཚོན་ཤུགས་ཀྱི་ནུས་པ་རྩེར་སོན་ཐུབ་པར་བྱེད་པའི་སྐད་ཆའི་སྒྱུ་རྩལ་ཞིག་ལ་ཟེར། ཚིག་རྒྱན་ལ་དབྱེ་ན་དཔེ་རྒྱན་དང་། རབ་བཏགས་ཀྱི་རྒྱན་ལ་སོགས་མང་དུ་མཆིས་པས། རྒྱ་བོད་ལོ་ཙཱའི་བརྒྱུད་རིམ་ཁྲོད་དུ་ཚིག་རྒྱན་ལོ་ཙཱ་བྱེད་སྐབས་ངེས་པར་དུ་མ་ཡིག་ལ་གོ་བ་མཐིལ་ཕྱིན་པ་བླངས་ནས་གང་དེའི་བརྗོད་དོན་བུ་ཡིག་ཏུ་གསལ་བར་བསྒྱུར་རྒྱུ་ནི་གལ་ཆེ་བར་མཐོང་ཞིང་། ཡང་སྒོས་ཚིག་རྒྱན་ལོ་ཙཱ་ནི་ལོ་ཙཱའི་བརྒྱུད་རིམ་ཁྲོད་ཀྱི་དཀའ་གནད་ཅིག་ཡིན་པས། འདིར་ཚིག་རྒྱན་ལོ་ཙཱའི་སྐོར་རགས་ཙམ་གླེང་བར་འདོད།

དང་པོ། ཚིག་རྒྱན་ནི་ལོ་ཙཱའི་བརྒྱུད་རིམ་ཁྲོད་ཀྱི་འགག་གནད་ཅིག་ཡིན།

ཡིག་སྒྱུར་ཞེས་པ་དེ་ནི་སྐད་རིགས་གཅིག་གིས་མཚོན་པའི་བརྗོད་བྱའི་དོན་དང་། རིག་གནས་ཀྱི་ཆ་འཕྲིན། གབ་སྦེད་ཀྱི་ཚུལ་དུ་གནས་པའི་དོན་རྣམས་མ་ལུས་ལོ་ཙཱའི་གསེར་ཟམ་འདི་ཉིད་བརྒྱུད་དེ། སྐད་རིགས་གཞན་ཞིག་གི་ལམ་དུ་ཇི་མ་ཇི་བཞིན་མཚོན་ཐབས་བྱེད་པའི་སྩོལ་བ་ཞིག་ལ་ཟེར། རྒྱུ་མཚན་འདིའི་དབང་གིས་མི་མང་པོས་ལོ་ཙཱ་ནི་ཚན་རིག་གི་རིག་ཚན་ཞིག་དང་། སྒྱུ་རྩལ་གྱི་རིག་ཚན་ཞིག་ཡིན་པར་འདོད་ཀྱི་ཡོད། ཚིག་རྒྱན་གྱི་རྣམ་གཞག་ནི་སྐད་རིགས་ཐམས་ཅད་ཀྱི་སྒྱུ་རྩལ་རྩོམ་རིག་ཡོངས་ལ་ཁྱབ་པའི་རིག་གནས་ཀྱི་སྣང་ཚུལ་ཞིག་ཡིན་པས། ལོ་ཙཱ་བྱེད་པའི་བརྒྱུད་རིམ་ཁྲོད་དུ་གཡོལ་ཐབས་མེད་པའི་གནད་དོན་ཞིག་ཡིན། གང་དེའི་སྣ་མང་ཕུན་སུམ་ཚོགས་པའི་རང་བཞིན་དང་། རྙོག་འཛིང་གི་རང་བཞིན་གྱིས་ལོ་ཙཱར་དཀའ་གནད་མང་དུ་འཕྲད་སྲིད་པ་མ་ཟད། ལྷག་དོན་དུ་སྐད་ཡིག་བཀོལ་སྤྱོད་བྱེད་པའི་བརྒྱུད་རིམ་ནང་རྣམ་པ་འདྲ་མིན་གྱི་ཚིག་རྒྱན་ཐོན་དང་ཐོན་མུས་ཡིན་ལ། སྐད་རིགས་སོ་སོའི་ཐུན་མོང་མ་ཡིན་པའི་རིག་གནས་ཀྱི་རྒྱབ་ལྗོངས་དང་། སྐད་བརྡའི་ཁྱད་ཆོས། བརྡ་སྤྲོད་གཤིས་ལུགས་སོགས་ལས་ཚིག་རྒྱན་ཡིག་སྒྱུར་བྱེད་པའི་བརྒྱུད་རིམ་ཁྲོད་དཀའ་རྙོག་ཆེན་པོ་འཕྲད་ཀྱི་ཡོད།

གཉིས་པ། ཚིག་རྒྱན་ལ་རྨོངས་པ་ལས་ལོ་ཙཱར་དཀའ་རྙོག་འཕྲད་ཚུལ།

དེ་ཡང་བོད་དུ་ལོ་ཙཱའི་བྱ་གཞག་ཐོག་མར་དར་བ་ནས་བཟུང་། རྒྱ་བོད་ལོ་ཙཱའི་ཆུ་རྒྱུན་འདི་ཉིད་ཇེ་རྒྱས་ཇེ་ལེགས་ཀྱི་ཕྱོགས་སུ་འཕེལ་རྒྱས་ཕྱིན་པ་ལས་རྒྱུན་རྩ་བ་ནས་ཆད་མ་མྱོང་། ལྷག་པར་དུ་དེང་གི་དུས་སུ་རྒྱ་བོད་ལོ་ཙཱའི་ཕུལ་བྱུང་གི་བརྩམས་ཆོས་ནམ་མཁའི་སྐར་ཚོགས་ཀྱི་རྗེས་སུ་འགྲོ་ཞིང་། བརྩམས་ཆོས་འདི་དག་ནི་མི་རིགས་གཉིས་པོའི་རིག་གནས་བང་མཛོད་ནང་འོད་མདངས་རབ་ཏུ་འཚེར་བའི་ནོར་བུ་ཤ་སྟག་ཏུ་གྱུར་ཡོད། འོན་ཏེ་རྣམ་པ་མི་འདྲ་བའི་སྐད་རིགས་གཉིས་དབར་གྱི་ཆ་འཕྲིན་བརྗེ་སྤོར་བྱེད་པའི་རིག་ཚན་ཞིག་གི་ངོས་ནས། མ་ཡིག་གི་ནང་དོན་མཐའ་དག་བུ་ཡིག་ཏུ་པར་བཏབ་པ་ཇི་བཞིན་ཡོང་རྒྱུ་ནི་དཀའ་ཚེགས་ཤིན་ཏུ་ཆེ་བ་ཞིག་ཡིན། གང་ལགས་ཤེ་ན། བརྩམས་ཆོས་མང་པོ་ཞིག་གི་ནང་མི་རིགས་སོ་སོའི་ཐུན་མིན་གྱི་ཚིག་རྒྱན་རྣམ་གཞག་ལ་གོ་བ་གཏིང་ཚུགས་པ་ཞིག་མ་ལོན་པ་དང་། མ་རྟོག་ལོག་རྟོག་གི་དབང་དུ་སོང་བ་དུ་མ་ཞིག་ཡོད་ལ། ཁག་གཅིག་ནི་མ་ཡིག་གི་གོ་བ་ཚུལ་བཞིན་དུ་ལོན་རུང་། བུ་ཡིག་གི་ལམ་ནས་མཚོན་སྐབས་མ་ཡིག་གི་ངོ་མཚར་ཚིག་རྒྱན་རྣམས་ཀྱི་སྒྲ་གཟུགས་དོན་གསུམ་གྱི་སྒྱུ་རྩལ་རང་བཞིན་དང་། ཤུགས་བསྟན་གྱི་དོན་རྣམས་གོ་རྒྱུ་ཚོར་རྒྱུ་མེད་པར་གྱུར་བ་སོགས་མཐོང་ན་མིག་ལ་གཟན་ཞིང་ཐོས་ན་རྣ་བར་སུན་པའི་སྣང་ཚུལ་མང་པོ་ཞིག་དུས་དང་རྣམ་པ་ཀུན་ཏུ་འཕྲད་ཀྱི་ཡོད། དེ་དག་ལས་དཔེ་མཚོན་ཁ་ཤས་ཤིག་དྲངས་ན།

དེབ་ཐེར《དཔྱིད་ཀྱི་རྒྱལ་མོའི་གླུ་དབྱངས》ལས། “མཁའ་མེའི་སྲད་བུར་བརྒྱུས་པའི་ཀ་ཕྲེང་ལ། །རྒྱ་མཚོ་དབྱངས་ཀྱིས་བརྒྱན་པའི་ཡི་གེའི་བརྡའི། །རིན་ཆེན་འཕྱང་འཕྲུལ་རིན་དུ་གསེར་ལྡན་ལྟོ། །ནོར་བུའི་ཟོང་གིས་བཀང་ཡང་ཁུགས་སམ་ཅི”ཞེས་པའི་སྙན་ངག་གི་ལམ་ནས་དྲངས་པའི་ཚིག་བཅད་དུམ་བུ་དེ་རྒྱ་ཡིག་གི་འགྱུར་མའི་ནང་།

“三十字母如珠宝连缀而制成,海潮般发出庄严文字的语声,它那大宝缨络价值连城,如同满腹金宝的火神,何须觅奇珍。”ཞེས་སུ་བསྒྱུར་བ་ནི་བཞད་གད་སློང་བའི་རྒྱུར་གྱུར་ཞིང་། ལོ་ཙཱ་བ་གང་དེས་བོད་ཡིག་གི་ཚིག་རྒྱན་རྣམ་གཞག་སྟེ། མངོན་བརྗོད་ཀྱི་འཇུག་ཚུལ་ལ་རྒྱུས་མངའ་མེད་པའི་དབང་གིས་རྒྱ་མཚོ་ཞེས་པ་ནི་གྲངས་བཞིའི་མངོན་བརྗོད་ཡིན་མོད་ཀྱང་། གོ་ལྡོག་ནས་ཆུ་གཏེར་རྒྱ་མཚོར་བསྒྱུར་བ་དང་། གསེར་ལྡན་ཞེས་པ་མ་གཞི་མེ་དང་། རྟ། མེ་ལྷ། ས་གཞི་སོགས་ཀྱི་མངོན་བརྗོད་ཡིན་མོད་ཀྱང་། གནས་སྐབས་འདིར་ས་གཞིར་གོ་ཡང་འཁྲུལ་ནས་མེ་ལྷར་བསྒྱུར་འདུག ཡང《ས་སྐྱ་ལེགས་བཤད》ལས། “མི་གང་ཁྲིམས་ལས་གང་འདའ་བ། །རེ་ཞིག་རྒྱལ་ཡང་ཕམ་པ་ཡིན། །ཆུ་སྐྱར་ཁྲིམས་ལས་འདས་པ་ཡིས། །ས་ཀུན་ཐོབ་ཀྱང་སེང་གེས་བསད”ཅེས་པ་དེ་རྒྱ་ཡིག་ཏུ།

“不守法纪的人,终究免不了遭殃,水鸟违法得到了陆地,最后仍被狮子杀死。”ཞེས་པར་བསྒྱུར་ཡོད། དོན་དུ་ཚིགས་བཅད་ཤོ་ལོ་ཀ་དེའི་དཔེ་ཡི་ནང་དུ་སྔོན་གྱི་རིག་བྱེད་གཏམ་རྒྱུད་དྲངས་ཡོད་ཅིང་། དེ་ནི་ཚིག་རྒྱན་ཏེ“གཞན་འདྲེན་པའི་རྒྱན”རྒྱ་སྐད་དུ“用典辞格”ཞེས་པའི་ཐབས་སྤྱད་ཡོད་པ་མ་ཤེས་པར་ཡོངས་སུ་ཕྱིན་ཅི་ལོག་པར་བསྒྱུར་བ་རེད། བཤད་རྒྱུན་འདི་ནི་སྔོན་གྱི་དུས་སུ་འོད་སྲུང་ཆུ་སྐྱར་ཞེས་པའི་མི་ཞིག་གིས་ལྷ་ཁྱབ་འཇུག་དུས་ཡུན་རིང་པོ་མཆོད་ཅིང་བསྙེན་བཀུར་དཔག་མེད་ཞུས་པར་ས་བཅུའི་དངོས་གྲུབ་བསྩལ་བ་དང་། རྗེས་སུ་ཁོ་རང་ཉིད་ལ་ཚེ་ཡི་རང་དབང་ཐོབ་སོང་སྙམ་ནས་ཚུལ་མིན་གྱི་སྡིག་ལས་མང་པོ་བསགས་པར་ཁྱབ་འཇུག་ཡི་མ་རངས་པར་སེང་གེ་ཞིག་གི་ལུས་སུ་སྤྲུལ་ཏེ་སྡིག་ཅན་དེ་བསད་པའི་དོན་ཡིན་པ་ལས་བྱ་ཆུ་སྐྱར་གྱི་དོན་རྩ་བ་ནས་མིན། དེ་དང་དེ་འདྲ་བའི་དཔེ་དྲངས་ན་ཤིན་ཏུ་མང་བས་རེ་ཞིག་ཡིག་ཚོགས་ལ་འཇིགས་ཏེ་སྤྲོས་པར་མི་བྱའོ།

མདོར་ན། “ཚིག་རྒྱན་གྱི་ཡིག་སྒྱུར་ཚུལ་བཞིན་བྱུང་མིན་ནི་འགྱུར་མ་གང་རུང་ཞིག་ལ་གདེང་འཇོག་བྱེད་པའི་རྩ་བའི་ཚད་འཛིན་ས་ཞིག་ཡིན”ཞེས་གསུངས་པ་ལྟར། རྒྱ་བོད་ཚིག་རྒྱན་གཤིབ་བསྡུར་དང་ལོ་ཙཱའི་ཐབས་ལམ་ལ་ཐུགས་འཇོག་གནང་རྒྱུ་ནི་རྒྱ་བོད་ལོ་ཙཱའི་བགྱི་བར་འབད་འཐབ་གནང་མཁན་གྱི་ལས་དོན་པ་མཐའ་དག་གི་ཕྲག་ཐོག་ཏུ་བབས་པའི་འགན་འཁྲི་ཆེན་པོ་ཞིག་ཏུ་མཐོང་ངོ་།

(བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན་ལས་ཁུངས། ཕུར་བུ་བཀྲ་ཤིས)