《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2021年07月16日

སྟོད་ལུང་བདེ་ཆེན་ཆུས་ཀྱི་སློབ་གྲྭ་ཁག་གིས་ཁོར་ཡུག་སྲུང་སྐྱོང་གི་བརྗོད་དོན་གཙོ་བོའི་འཛིན་ཚོགས་འཚོགས་པ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་གནས་ཚུལ་འབྱོར་གསལ། ཉེ་དུས། སྟོད་ལུང་བདེ་ཆེན་ཆུས་ཀྱི་སློབ་གྲྭ་ཁག་གིས་ཁོར་ཡུག་སྲུང་སྐྱོང་གི་བརྗོད་དོན་གཙོ་བོའི་འཛིན་ཚོགས་འཚོགས་པ་རེད། དེའི་དམིགས་ཡུལ་ནི། ཁོར་ཡུག་སྲུང་སྐྱོང་གི་ཤེས་བྱ་དྲིལ་བསྒྲགས་དང་ཁྱབ་གདལ་གཏོང་བ་དང་། ལྗང་མདོག་གི་འདུ་ཤེས་ཕྲུ་གུ་ཚོའི་སེམས་སུ་ཟུག་པར་བྱས་ནས་ཁོར་ཡུག་སྲུང་སྐྱོང་གི་དྲིལ་བསྒྲགས་པ་དང་། ལག་ལེན་པ། སྲུང་དམག་ཆུང་ཆུང་བཅས་བརྩོན་ལེན་བྱེད་པའི་སེམས་ཤུགས་འཕེལ་བའི་ཆེད་དུ་རེད།

བརྗོད་དོན་གཙོ་བོའི་འཛིན་ཚོགས་ཐོག་སློབ་མ་ཚོས་བརྙན་ལམ་ལྟ་བ་དང་། འཛིན་བདག་གིས་འགྲེལ་བཤད་རྒྱག་པ། སློབ་གྲྭའི་མཐའ་འཁོར་དུ་གཙང་སྦྲ་བྱེད་པ་སོགས་ཀྱི་བྱེད་ཐབས་བརྒྱུད། ཁོར་ཡུག་སྲུང་སྐྱོང་གི་ཤེས་བྱ་ཁོང་དུ་ཆུད་པར་བྱས་པ་མ་ཟད། ཇི་ལྟར་བྱས་ཏེ་ཁོར་ཡུག་སྲུང་སྐྱོང་གི་ཕོ་ཉ་ཆུང་ཆུང་ཞིག་བྱེད་པའི་སྐོར་ལ་གྲོས་བསྡུར་ཡང་བྱས་ཡོད། སློབ་མ་ཚོས་ལྗང་མདོག་ཁོར་ཡུག་སྲུང་སྐྱོང་གི་འདུ་ཤེས་ཟམ་མི་ཆད་པར་ཟབ་ཏུ་བཏང་ནས་འཚོ་བའི་ཁྲོད་ཆུ་དང་གློག་ལ་གྲོན་ཆུང་དང་། སྤྱོད་གཅིག་མའི་ཐོན་རྫས་མི་སྤྱོད་པ། རྩྭ་རྩི་ཤིང་ལ་གཅེས་སྤྲས་སོགས་བྱེད་དགོས་ཞེས་གང་བསམ་ལྷུག་པོར་གླེང་བ་མ་ཟད། ནང་མིར་མཉམ་དུ་ཁོར་ཡུག་ལ་སྲུང་སྐྱོང་བྱས་ཏེ་འཚོ་བའི་གོམས་གཤིས་བཟང་པོ་ཞིག་འཇགས་པར་བྱེད་དགོས་པའི་སྐུལ་སློང་ཡང་བྱས་པ་རེད། དེ་དང་ཆབས་ཅིག་སློབ་གྲྭ་ཁག་གིས་ད་དུང་ནག་པང་ཚགས་པར་དང་། ལག་བྲིས་ཚགས་པར། LEDབརྙན་ཤེལ་སོགས་ཀྱི་གཞི་རྟེན་སྤྱད་དེ་སྣ་མང་ཕུན་སུམ་ཚོགས་པའི་ཁོར་ཡུག་སྲུང་སྐྱོང་གི་ཤེས་བྱ་དྲིལ་བསྒྲགས་བྱས་པ་དང་། སློབ་མ་ཚོར་ཁོར་ཡུག་སྲུང་སྐྱོང་གི་ཤེས་བྱ་སློབ་སྦྱོང་ནན་ཏན་བྱས་ཏེ་ཆུང་དུས་ནས་ཁོར་ཡུག་སྲུང་སྐྱོང་གི་གོམས་གཤིས་འཇགས་པར་བྱེད་དགོས་པའི་འབོད་སྐུལ་བྱས་པ་དང་། མི་ཚང་མས་ཁོར་ཡུག་སྲུང་སྐྱོང་གི་སྲུང་དམག་ཆུང་ཆུང་ཞིག་བརྩོན་ལེན་བྱེད་པའི་རྣམ་པ་ཟབ་མོ་བཏོད་ཡོད་པ་རེད།

སྟོད་ལུང་བདེ་ཆེན་ཆུས་ཀྱི་སློབ་གྲྭ་ཁག་གིས་ཐེངས་འདིའི་བརྗོད་དོན་གཙོ་བོའི་འཛིན་ཚོགས་འཚོགས་པ་བརྒྱུད། སློབ་མ་ཚོས་ཁོར་ཡུག་སྲུང་སྐྱོང་གི་གལ་ཆེའི་རང་བཞིན་དང་ཁ་ཚ་དགོས་གཏུགས་ཀྱི་རང་བཞིན་ལ་ངོས་འཛིན་སྔར་བས་ཟབ་ཏུ་སོང་བ་དང་། རང་ངོས་ནས་འགོ་འཛུགས་པ་དང་བྱ་བ་ཆུང་ཙག་ནས་འགོ་བཙུགས་ཏེ་ལྗང་མདོག་ཐཱན་ཉུང་གི་འཚོ་བ་སྐྱེལ་བའི་འདུ་ཤེས་བཙུགས་ནས་རང་རྟོགས་ངང་ཤེས་དཔལ་དང་བདེ་ཐང་གི་འཚོ་བ་དར་སྤེལ་གཏོང་མཁན་དང་། དུས་རབས་ཀྱི་སྲོལ་གསར་ཁྱབ་སྤེལ་གཏོང་མཁན། མཛེས་སྡུག་ལྡན་པའི་ཁོར་ཡུག་སྲུང་སྐྱོང་བྱེད་མཁན་བཅས་བརྩོན་ལེན་བྱས་པ་རེད།

(བཀྲ་ཤིས་ཚེ་དབང་གིས་བསྒྱུར། བསོད་ནམས་བདེ་སྐྱིད་ཀྱིས་ཞུས)