《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2021年07月16日

ཧྥན་ཅིན་ཧྲི།

ཏུན་ཧོང་སྲུང་ཆེད་འགྱུར་མེད་དམ་བཅའ་བཞག

མི་དམངས་ཉིན་རེའི་ཚགས་པར་གྱི་གསར་འགོད་པ། དབྱིན་གཡན།

འདི་ནི་ཏུན་ཧོང་མོ་ཀའོ་བྲག་ཕུག་ཏུ་ཕྱག་ལས་གནང་བཞིན་པའི་ཧྥན་ཅིན་ཧྲི་ཡིན་པ། (དཔྱད་གཞིའི་པར་རིས)

ཧྥན་ཅིན་ཧྲིའི་ཕ་ཡུལ་ཀྲེ་ཅང་ནས་ཡིན་ཞིང་། 1938ལོར་པེ་ཅིང་དུ་འཁྲུངས་པ་དང་ཧྲང་ཧའེ་རུ་འཚར་ལོངས་བྱུང་། 1963ལོར་པེ་ཅིང་སློབ་ཆེན་ལོ་རྒྱུས་ཚན་ཁག་གནའ་རྫས་རྟོག་ཞིབ་ཆེད་ལས་མཐར་ཕྱིན་རྗེས་ཏུན་ཧོང་དུ་ལས་ཀར་འགྲོ་རྒྱུའི་གདམ་ག་གནང་།

ས་ཕག་ཁང་པར་བཞུགས་པ་དང་། ས་ཁྲིར་ཉལ་བ། རྩིང་འབྲུ་ཟ་བ། ཐན་ཆོན་གཙང་པོའི་ཆུ་འཐུང་བ་སོགས་དུས་རབས་གོང་མའི་ལོ་རབས་60པའི་སྐབས་ཀྱི་ཏུན་ཧོང་དུ་ཆ་རྐྱེན་ཧ་ཅང་དཀའ་ཚེགས་ཆེ་ནའང་། ཁོང་རྩ་བ་ནས་དཔའ་ཞུམ་མེད།

1986ལོར། ཧྥན་ཅིན་ཧྲིས་མོ་ཀའོ་བྲག་ཕུག་དེ་ཉིད་འཛམ་གླིང་རིག་གནས་ཤུལ་བཞག་ལ་འདུན་ཞུ་བྱེད་པའི་དཔྱད་ཡིག་འབྲི་སྐབས“ཤུལ་བཞག་འདུན་ཞུའི”དཔྱད་ཡིག་ཧ་ཅང་ཞིབ་ཅིང་ཕྲ་བ་དགོས་པ་གཟིགས་ནས་མོ་ཀའོ་བྲག་ཕུག་ལ་སྲུང་སྐྱོབ་ཡག་པོ་བྱེད་སྙམ་ན་ད་དུང་ཁྲིམས་བཟོ་བ་དང་སྲུང་སྐྱོབ་འཆར་གཞི་བཟོ་དགོས་པ་རྟོགས། ཁོང་གིས་གྲོས་འགོ་བཏོན་པ་དང་ཐད་ཀར་ཞུགས་པ་བརྒྱུད། 《ཏུན་ཧོང་མོ་ཀའོ་བྲག་ཕུག་སྲུང་སྐྱོབ་ཀྱི་སྲོལ་ཡིག》2003ལོར་བཀྲམ་ནས་ལག་ལེན་བསྟར་བ་དང་། ཏུན་ཧོང་ཞིབ་འཇུག་ཁང་གིས་ད་དུང་རྒྱལ་ཁབ་ཕྱི་ནང་གི་སྒྲིག་གཞི་གསུམ་དང་མཉམ་འབྲེལ་གྱིས《ཏུན་ཧོང་མོ་ཀའོ་བྲག་ཕུག་སྲུང་སྐྱོབ་ཀྱི་སྤྱིའི་འཆར་འགོད》བཟོས་པ་རེད།

ལོ་ངོ་30ལྷག་ཙམ་འཚོལ་ཞིབ་བྱས་པ་བརྒྱུད། ཏུན་ཧོང་ཞིབ་འཇུག་ཁང་ལ་གྲངས་འཛིན་འཚོལ་སྡུད་དང་། བདེ་འཇགས་ཉར་ཚགས། དོ་དམ་གོ་ཆོད་པ་སོགས་སྤོ་མི་རུང་བའི་རིག་དངོས་གྲངས་འཛིན་ཅན་གྱི་ལག་རྩལ་ཚད་གཞི་མང་པོ་ཞིག་བསྒྲུབས་ནས་བརྒྱུད་རིམ་ལྡན་པའི“གྲངས་འཛིན་ཏུན་ཧོང”ཞེས་པའི་ཐོན་ཁུངས་མཛོད་བཟོས་པ་དང་། གྲངས་འཛིན་ཏུན་ཧོང་གི་ཐོན་ཁུངས་མོ་ཀའོ་བྲག་ཕུག་སྲུང་སྐྱོབ་དང་ཞིབ་འཇུག་ལས་དོན་ཐད་བཀོལ་བ་མ་ཟད་ད་དུང་ཏུན་ཧོང་གི་སྒྱུ་རྩལ་དེ་ཉིད་གསོན་ཉམས་ལྡན་པར་གྱུར་ཡོད།

བྲག་ཕུག་གི་གནའ་རྫས་རྟོག་ཞིབ་རིགས་གཅིག་མཁས་ཅན་ཞིག་ཡིན་པའི་ཧྥན་ཅིན་ཧྲིས་ཟིན་ཐོར་བཀོད་པའི་གནའ་རྫས་རྟོག་ཞིབ་སྙན་ཞུ《ཏུན་ཧོང་བྲག་ཕུག་གི་གསུང་འབུམ》གྱི་པོ་ཏི་མང་པོ་ཞིག་གཙོ་སྐྱོང་གནང་ནས་བསྒྲིགས་ཡོད།

ཧྥན་ཅིན་ཧྲིར“རྒྱལ་ཡོངས་ཀྱི་ཕུལ་བྱུང་གུང་ཁྲན་ཏང་ཡོན”དང་། “རྒྱལ་ཡོངས་ཀྱི་སྔོན་ཐོན་ལས་དོན་པ” “སྒྱུར་བཅོས་ཀྱི་གདོང་ལེན་པ” “འབད་འཐབ་པ་ཡག་ཤོས”སོགས་ཀྱི་མཚན་སྙན་ཐོབ་མྱོང་བ་དང་། 2009ལོར“ཀྲུང་གོ་གསར་པ་དབུ་བརྙེས་ཚུན་ཀྲུང་གོར་སེམས་འགུལ་ཐེབས་པའི་མི་སྣ་100”ཡི་གྲས་སུ་བདམས་པ། 2019ལོར“རིག་དངོས་སྲུང་སྐྱོབ་ལ་ལེགས་སྐྱེས་འབུལ་མཁན་ཕུལ་བྱུང”གི་རྒྱལ་ཁབ་ཀྱི་གཟི་བརྗིད་མཚན་སྙན་སྤྲད་པ་རེད།

(ཚེ་སྒྲོལ་གྱིས་བསྒྱུར། དབང་སྒྲོལ་དང་ཚེ་སྒྲོལ་གྱིས་ཞུས)