《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2021年07月15日

ལི་པའོ་གོ

རི་ཁུལ་དུ་གཞི་ཚུགས་ནས་ཚན་རིག་དང་མཐུན་པའི་དབུལ་སྐྱོར་བྱས་པ།

མི་དམངས་ཉིན་རེའི་ཚགས་པར་གྱི་གསར་འགོད་པ། ཧྲེ་ཙེ་ཆང་།

↑ འདི་ནི་ལི་པའོ་གོ(མདུན་གྱི་གཡོན)ཡིས་གྲོང་མིར་འབྲས་ཤིང་ལ་ཡལ་བཞུར་རྒྱག་སྟངས་སློབ་པའི་འདྲ་པར་ཡིན་པ། (དཔྱད་གཞིའི་པར་རིས)

ལི་པའོ་གོ་ནི་ཧོ་པེ་ཝུའུ་དབྱི་ནས་ཡིན་ཞིང་། 1958ལོར་འཁྲུངས། སྐུ་འཚོ་བཞུགས་སྐབས་ཧོ་པེ་ཞིང་ལས་སློབ་གྲྭ་ཆེན་མོའི་དགེ་རྒན་ཆེ་མོ་བ་དང་འབུམ་རམས་པའི་སློབ་དཔོན་ཡིན། ཁོང་གིས་ལོ་སོ་ལྔ་ཙམ་རིང་ཉིན་གཅིག་ལྟར་ཐའེ་ཧང་རི་ཁུལ་དུ་རྩ་བ་ཚུགས་པ་དང་རི་ཁུལ་གྱི་སྐྱེ་ཁམས་བཅོས་སྐྱོང་དང་མང་ཚོགས་དབུལ་སྒྲོལ་ཕྱུག་འགྱུར་ཡོང་བར་བྱ་རྒྱུ་དེ་ཚེ་གང་གི་དོན་གཉེར་ལ་བརྩིས་ཡོད།

1981ལོར་མཐོ་རྒྱུགས་སླར་གསོ་བྱས་རྗེས་ཀྱི་སློབ་ཆེན་སློབ་མ་སྐབས་དང་པོ་ཡིན་པའི་ལི་པའོ་གོ་ཧོ་པེ་ནགས་ལས་ཆེད་ཚན་སློབ་གྲྭ(དེ་སྔའི་ཧོ་པེ་ཞིང་ལས་སློབ་ཆེན་ནགས་ལས་སློབ་གླིང)ནས་མཐར་ཕྱིན་རྗེས་སློབ་གྲྭ་དེ་རང་ལ་དགེ་རྒན་གནང་ནས་བཞུགས། ལས་ཀར་ཞུགས་ནས་ཉིན་བཅུ་ལྷག་ཙམ་ལས་སོང་མེད་ཀྱང་ཁོང་གིས་ལས་རོགས་ཚོ་དང་མཉམ་དུ་ཐའེ་ཧང་རི་ཁུལ་དུ་བསྐྱོད་ནས་རི་ཁུལ་གྱི་གསར་སྤེལ་ཞིབ་འཇུག་བྱེད་འགོ་ཚུགས།

ལི་པའོ་གོ་ཡི་རྐང་རྗེས་རི་སྟེང་གང་སར་བཞག་པ་དང་། ཉེན་ཁར་མ་འཛེམ་པར་འབར་གཏོར་གྱིས་ས་ཁོད་སྙོམས་པའི་བྱ་ཐབས་ལ་བརྟེན་ནས་ས་གསོག་པའི་བྱ་བ་ཕམ་ཉེས་ཐེངས་མང་བྱུང་ཡང་མཐར་ལེགས་གྲུབ་བྱུང་ཡོད་པ་རེད། ས་མཐུག་ཏུ་ཕྱིན་པ་དང་བཞའ་ཚན་སྲུང་ཐུབ་པས་ཤིང་སྡོང་གསོན་ཚད་དེ་སྔའི་10%ནས་90%བར་མཐོ་རུ་ཕྱིན་པ་དང་། ཆན་ནན་ཡུས་སུ་སྔོ་ཁེབས་ཁྱབ་ཚད་94.6%ཟིན་ཡོད་པ་རེད། ལོ་ཁ་ཤས་རིང་། ཆན་ནན་ཡུས་ཉེ་རིང་གང་སར་སྐད་གྲགས་ཆོད་པའི་གྲོང་ཚོ་ཕྱུག་པོར་གྱུར་བ་མ་ཟད། ད་དུང“ཐའེ་ཧང་རི་བོའི་སྔོ་ལྗང་ས་ཆའི”གྲས་ཤིག་ཏུ་གྱུར་ཡོད།

2016ལོའི་ཟླ་4ཚེས་10ཉིན། ལི་པའོ་གོ་གློ་བུར་དུ་སྙིང་ནད་ལངས་ནས་མྱུར་སྐྱོབ་བྱས་ཀྱང་ཕན་འབྲས་མ་ཐོན་པར་ནང་མི་དང་། སློབ་མ། ཐའེ་ཧང་རི་བོའི་ཡུལ་མི་བཅས་དང་ནམ་ཡང་བྲལ་བ་རེད།

ལོ་30ལྷག་ཙམ་རིང་། ལི་པའོ་གོས་སྔ་རྗེས་སུ་རི་ཁུལ་གྱི་གསར་སྤེལ་ཞིབ་འཇུག་གྲུབ་འབྲས་ཁག་28ལེགས་སྒྲུབ་གནང་བ་དང་། ལག་རྩལ་རིགས་དང་དེའི་བཀོལ་སྤྱོད་རྒྱ་ཁྱོན་མུའུ་ཁྲི་1826ཟིན་ནས་རི་རྒོད་མུའུ་ཁྲི་140སྔོ་ལྗང་ཅན་དུ་གྱུར་པ་དང་རི་ཁུལ་གྱི་ཞིང་པར་འབབ་འཕར་སྒོར་དུང་ཕྱུར་58.5ཟིན་པར་སྐུལ་ཁྲིད་བྱས་ཡོད།

ལི་པའོ་གོ་ལ“རྒྱལ་ཡོངས་ཀྱི་ཕུལ་བྱུང་གུང་ཁྲན་ཏང་ཡོན”དང་།“སྒྱུར་བཅོས་ཀྱི་གདོང་ལེན་པ”“འབད་འཐབ་པ་ཡག་ཤོས”“དུས་རབས་ཀྱི་མིག་དཔེ”“རྒྱལ་ཡོངས་ཀྱི་དབུལ་སྒྲོལ་འགག་སྒྲོལ་དཔེ་བཟང་བ”སོགས་ཀྱི་མཚན་སྙན་རྗེས་སྤྲོད་བྱས་པ་རེད། 2019ལོར“མི་དམངས་ཀྱི་མིག་དཔེའི”རྒྱལ་ཁབ་ཀྱི་གཟི་བརྗིད་མཚན་སྙན་ཐོབ་པ་རེད།

(ཚེ་སྒྲོལ་གྱིས་བསྒྱུར། དབང་སྒྲོལ་དང་ཚེ་སྒྲོལ་གྱིས་ཞུས)