《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2021年07月15日

ཏང་གི་ལོ་རྒྱུས་སྦྱངས་ནས་ཐོག་མའི་བསམ་འདུན་མ་བརྗེད་པར་བྱས། བྱ་བ་དངོས་ཧུར་ཐག་བསྒྲུབས་ནས་དམངས་ཀྱི་སེམས་པ་དྲོ་བར་བྱས།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་གནས་ཚུལ་འབྱོར་གསལ། ཏང་དབུ་བརྙེས་ནས་ལོ་ངོ་100འཁོར་བ་དང་བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་70འཁོར་བར་རྟེན་འབྲེལ་ཞུ་ཆེད། ཉིན་ཤས་བསྟུད་མར་ལྗོངས་ཡོངས་ཀྱི་གྲོང་སྡོད་ལས་དོན་རུ་ཁག་ཁག་གིས་རྣམ་པ་སྣ་ཚོགས་ཀྱི་རྟེན་འབྲེལ་བྱེད་སྒོ་སྒྲིག་འཛུགས་བྱས་ནས་སྤེལ་ཏེ། ཏང་གི་འོད་སྟོང་འཕྲོ་བའི་ལོ་རྒྱུས་ལམ་བུར་ཕྱིར་དྲན་དང་ཏང་གི་བྱས་རྗེས་རླབས་ཆེན་ལ་བསྔགས་བརྗོད་བྱས་པ་རེད། བྱེད་སྒོ་སྤེལ་རིང་བསམ་བློ་ཆབ་སྲིད་ཀྱི་ཁྲིད་སྟོན་མངོན་གསལ་དོད་པོ་ཡོང་རྒྱུར་སྣང་ཆེན་བྱས་ཏེ། རྒྱ་ཆེའི་ཏང་ཡོན་དང་། ལས་བྱེད་པ། མང་ཚོགས་བཅས་ལ་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་ཡོང་བ་བྱེད་ཆེད། ཀྲུང་གོ་གུང་ཁྲན་ཏང་གིས་ཀྲུང་གོའི་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ནས་གསར་གཏོད་བྱས་པའི་དམངས་གཙོ་རིང་ལུགས་གསར་པའི་གསར་བརྗེ་དང་། སྤྱི་ཚོགས་རིང་ལུགས་ཀྱི་གསར་བརྗེ། སྒྱུར་བཅོས་སྒོ་དབྱེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་འཛུགས་སྐྲུན། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་སོགས་ཀྱི་རླབས་ཆེན་གྲུབ་འབྲས་ཤེས་རྟོགས་གཏིང་ཟབ་དང་ལོ་བརྒྱའི་རིང་ཀྲུང་གོ་གུང་ཁྲན་ཏང་གིས་ཀྲུང་གོའི་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་ཀྱིས་བྱས་པའི་འཐབ་རྩོད་ཐམས་ཅད་དང་། བློས་གཏོང་ཐམས་ཅད། གསར་གཏོད་ཐམས་ཅད་བཅས་ཀྱི་བརྗོད་དོན་གཙོ་བོ་ཁོང་དུ་གཏིང་ཟབ་ཆུད་པ་བྱ་རྒྱུའི་ཁྲིད་སྟོན་བྱས་པས་ཏང་གི་བཀའ་ལ་ཉན་པ་དང་། ཏང་གི་བཀའ་དྲིན་ཚོར་བ། ཏང་གི་རྗེས་སུ་འབྲང་བའི་ཡིད་ཆེས་དང་ཆོད་སེམས་དེ་བས་བརྟན་དུ་སོང་ཡོད་པ་རེད།

(པར་ངོས་གསུམ་པར་གཟིགས)

(པར་ངོས་དང་པོར་མཐུད) གཟབ་རྒྱས་གནས་ཚུལ་ལྟ་ཉན་བྱས། འབད་འཐབ་སེམས་ཤུགས་ཆེ་རུ་སོང་། ཟླ་7ཚེས་1ཉིན་ལྗོངས་ཡོངས་ཀྱི་གྲོང་སྡོད་ལས་དོན་རུ་ཁག་ཁག་གིས་རང་གྲོང་ཚོའི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ། གྲོང་ཚོ་དང་ཚོགས་ཆུང་ངམ་ཡང་ན་དུད་སྦྲེལ་ཚན་པར་བྱས་ནས་ཞིང་འབྲོག་པའི་ཏང་ཡོན་དང་མང་ཚོགས་སྒྲིག་འཛུགས་ཀྱིས“ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་100འཁོར་བར་རྟེན་འབྲེལ་ཞུ་བའི”ཚོགས་ཆེན་ཐད་གཏོང་གཅིག་སྡུད་ཐོག་བལྟས་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ནན་ཏན་ངང་ཉན་པ། ཏང་གི་ལོ་བརྒྱའི་འཁྲུངས་སྐར་ལ་མཉམ་དུ་རྟེན་འབྲེལ་ཞུས་པ་རེད། གྲོང་སྡོད་ལས་དོན་རུ་ཁག་ཁག་གིས་ཚོགས་ཆེན་གྱི་གནས་ཚུལ་ཐད་གཏོང་ཚར་རྗེས། གོ་བདེ་ཤེས་སླའི་སྐད་ཆའི་ཐོག་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལ་འགྲེལ་བཤད་བརྒྱབ་པ་དང་འབྲེལ་ས་གནས་ས་ཐོག་ཏུ་སློབ་སྦྱོང་དང་། སྤེལ་རེས། གྲོས་བསྡུར་བཅས་ཀྱང་བྱས་པ་དང་། ཏང་ཡོན་དང་མང་ཚོགས་ལ་ཏང་གི་དཀའ་ཚེགས་ཆེ་བའི་ལོ་རྒྱུས་ཀྱི་ལམ་བུ་དང་བྱས་རྗེས་རླབས་ཆེན་ལ་ཤེས་རྟོགས་སྔར་བས་གཏིང་ཟབ་བྱ་རྒྱུའི་ཁྲིད་སྟོན་བྱས་པ། རྒྱ་ཆེའི་ཏང་ཡོན་དང་མང་ཚོགས་ལ་ལས་ཀའི་སྤྲོ་སེམས་དང་འཐབ་སེམས་འཕེལ་བར་བྱེད་དགོས་པའི་སྐུལ་ལྕག་བཏང་བ་རེད།

གསར་བརྗེའི་སློབ་གསོ་ལེགས་པར་སྤེལ། གསར་བརྗེའི་ས་བོན་རྒྱུན་འཛིན་བྱས། ཏང་ཡོན་གྱི་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོ་དང་གསར་བརྗེའི་སྲོལ་རྒྱུན་སློབ་གསོར་ཤུགས་སྣོན་ཏན་ཏིག་རྒྱག་ཆེད། ལྗོངས་ཡོངས་ཀྱི་གྲོང་སྡོད་ལས་དོན་རུ་ཁག་1211གིས་ད་ཡོད་ཀྱི་ཐོན་ཁུངས་སྤྱད་དེ་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་100འཁོར་བར་རྟེན་འབྲེལ་ཞུ་བའི“གསར་བརྗེའི་ས་བོན་རྒྱུན་འཛིན་བྱེད། གསར་བརྗེའི་རིག་གནས་དར་སྤེལ་གཏོང”དང་། “གསར་བརྗེའི་སློབ་གསོ་དང་ལེན་བྱེད། གསར་བརྗེའི་ས་བོན་རྒྱུན་འཛིན་བྱེད” “ཏང་གི་འོད་སྟོང་འཕྲོ་བའི་ལོ་རྒྱུས་ལམ་བུར་ཕྱིར་དྲན་གྱིས། ཏང་ལ་དགའ་ཞེན་དང་རྒྱལ་ཁབ་ལ་དགའ་ཞེན་བྱེད་སེམས་འཕེལ་བར་བྱེད”སོགས་བརྗོད་དོན་གཙོ་བོའི་བྱེད་སྒོ་སྤེལ་བ་དང་། བཅའ་སྡོད་བྱ་ཡུལ་གྲོང་ཚོ(གྲོང་མི)“ཨུ་ལྷན་གཉིས”ཀྱི་ཚན་ཁག་དང་དེ་བཞིན་ཞིང་འབྲོག་པ་ཏང་ཡོན་ཁག་གཅིག་སྒྲིག་འཛུགས་བྱས་ཏེ་ཉེ་འཁོར་གྱི་གསར་བརྗེའི་རྟེན་གཞིར་བསྐྱོད་དེ། གསར་བརྗེའི་གནའ་ཤུལ་དང་། ལོ་རྒྱུས་པར་རིས། དངོས་རྫས་བཅས་ལ་ལྟ་སྐོར་བྱས་ནས་གསར་བརྗེའི་སྔོན་བྱོན་པའི་འོད་སྟོང་འཕྲོ་བའི་རྗེས་ཤུལ་རྗེས་འདེད་འཚོལ་ཞིབ་བྱས་པ། གྲོང་སྡོད་ལས་དོན་རུ་ཁག་4050ཡིས་ཏང་ཡོན་རྒན་གྲས་7760བོད་ཀྱི་འཕེལ་རྒྱས་ལོ་རྒྱུས་དང་གསར་བརྗེའི་སྔོན་གཤེགས་དཔའ་བོའི་བྱས་རྗེས་གླེང་བར་སྔ་རྗེས་སུ་གདན་དྲངས་ཏེ། “བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས”དང་། “ལམ་གཉིས”ཀྱི་སྙིང་སྟོབས། ཁུང་ཧྥན་སེན་གྱི་སྙིང་སྟོབས་བཅས་མྱོང་ཚོར་བྱས་པ་དང་དེའི་ཁྲོད་ནས་བསམ་པའི་སྒུལ་ཤུགས་འཕེལ་བར་བྱས་པ་རེད།

རིག་རྩལ་བྱེད་སྒོ་སྣ་ཚོགས་སྤེལ། དུས་ཆེན་རྣམ་པ་ཟབ་མོ་བཏོད། ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་100འཁོར་བར་རྟེན་འབྲེལ་ཞུ་བའི་རྣམ་པ་ཟབ་མོ་ཞིག་བཏོད་ནས་ཏང་ལ་ལྷག་བསམ་རྣམ་དག་དང་དགའ་ཞེན་ཚད་མེད་བྱེད་ལུགས་མཚོན་པར་བྱེད་ཆེད། ཟླ་6པ་ཚུན་དུ་ལྗོངས་ཡོངས་ཀྱི་གྲོང་སྡོད་ལས་དོན་རུ་ཁག་ཁག་གིས་བརྗོད་བྱ་གཙོ་བོ་མངོན་གསལ་དོད་པ་དང་རྣམ་པ་སྣ་ཚོགས་པའི་རིག་རྩལ་བྱེད་སྒོ་6331སྤེལ་བ་དང་། “ནམ་ཡང་ཏང་གི་རྗེས་སུ་འབྲང་། བཀའ་དྲིན་ཡིད་ལ་བརྟན་པོར་འཆང”དང“ཏང་གི་བཀའ་དྲིན་སེམས་ལ་བརྟན་པོར་ངེས། མི་རིགས་མཐུན་སྒྲིལ་བྱས་ནས་མདུན་དུ་སྐྱོད”སོགས་བརྗོད་དོན་གཙོ་བོའི་རིག་རྩལ་འཁྲབ་སྟོན་ཐེངས་4534བྱས་པ། གྲོང་སྡོད་ལས་དོན་རུ་ཁག་ཁག་གིས་ད་དུང་དུད་ཚང་ཚང་མར་རྒྱལ་དར་སྤྲད་པ་དང་གྲོང་ཚོ(གྲོང་མི)ཨུ་ཡོན་ལྷན་ཁང་དང་གཞུང་ལམ་རྒྱུད་དུ་རྒྱལ་དར་དང་། དར་ཚོན། འཕྲེད་འགེལ་སྦྱར་ཡིག་སོགས་བཀལ་ཏེ་ཏང་དབུ་བརྙེས་ནས་ལོ་ངོ་100འཁོར་བར་རྟེན་འབྲེལ་ཞུ་བའི་རྣམ་པ་ཟབ་མོ་ཞིག་ཧུར་ཐག་བཏོད་ཡོད་པ་རེད།

ཁོར་ཡུག་གཙང་སྦྲ་ལེགས་པར་བྱས། གཙང་སྦྲ་དོད་པོས་དུས་ཆེན་བསུས། འཚོ་སྡོད་ཀྱི་ཆ་རྐྱེན་སྔར་བས་ལེགས་སུ་དང་གྲོང་མིའི་འཚོ་བའི་སྤུས་ཚད་དང་བདེ་ཐང་གི་ཆུ་ཚད་མཐོ་རུ་བཏང་ནས། གཙང་སྦྲ་དང་། འཆམ་མཐུན། ཡ་རབས་བཅས་ལྡན་པའི་དུས་ཆེན་གྱི་རྣམ་པ་ཞིག་གཏོད་ཆེད། ལྗོངས་ཡོངས་ཀྱི་གྲོང་སྡོད་ལས་དོན་རུ་ཁག་ཁག་གིས་གྲོང་ཚོ(གྲོང་མི)“ཨུ་ལྷན་གཉིས”ལ་གཞོགས་འདེགས་ཧུར་ཐག་བྱས་ཏེ། ཏང་ཡོན་དང་མང་ཚོགས་སྒྲིག་འཛུགས་བྱས་ནས་གྲོང་ཚོའི་མཐའ་འཁོར་དང་། མ་ལམ། ཆུ་ཡུར་སོགས་ལ་གཙང་སྦྲ་དང་གཙང་གཤོང་ཡག་པོ་བྱས་པ་རེད།

ཕྱོགས་བསྡུས་བཅོས་སྐྱོང་དམ་པོར་བཟུང་། ཞི་མཐུན་བརྟན་ལྷིང་སྲུང་སྐྱོང་བྱས། ཏང་དབུ་བརྙེས་ནས་ལོ་ངོ་100འཁོར་བའི་རྟེན་འབྲེལ་བྱེད་སྒོ་སྤེལ་རིང་གཞི་རིམ་དུ་ཞི་མཐུན་བརྟན་ལྷིང་ཡོང་བའི་འགན་ལེན་བྱ་ཆེད། ལྗོངས་ཡོངས་ཀྱི་གྲོང་སྡོད་ལས་དོན་རུ་ཁག་ཁག་གིས་ཉེན་ཁ་སྔོན་འགོག་དང་བརྟན་ལྷིང་འགན་ལེན་གྱི་འདུ་ཤེས་ཟབ་ཏུ་བཏང་སྟེ། གྲོང་ཚོ(གྲོང་མི)“ཨུ་ལྷན་གཉིས”ལ་གཞོགས་འདེགས་ཧུར་ཐག་བྱས་ནས་དུད་ཚང་དུ་བསྐྱོད་དེ་འགལ་ཟླ་དང་རྩོད་གཞི་གྲལ་བཤེར་དང་སེལ་བ་དང་། མང་ཚོགས་ཀྱི་བསམ་ཚུལ་ཉན་པ། མང་ཚོགས་ཀྱིས་དོ་ཁུར་བྱེད་པར་བརྡ་ལན་ཧུར་ཐག་བསློགས་པ། འགལ་ཟླ་དང་རྩོད་གཞི་ནུས་ལྡན་ངང་བསལ་ཡོད། དབྱར་ཁ་ཚ་བ་ཆེ་བ་དང་འབྲུབ་ཆུ་རྒྱས་པའི་གནམ་གཤིས་ལ་དམིགས་ཏེ། གྲོང་ཚོ(གྲོང་མི)“ཨུ་ལྷན་གཉིས”ལ་གཞོགས་འདེགས་ཀྱིས་ནགས་ཚལ་དང་རྩྭ་ཐང་གི་མེ་ཟོན་དང་འབྲུབ་འགོག་ཤེས་བྱ་དྲིལ་བསྒྲགས་ཐེངས་8967བྱས་ཏེ། ཞིང་འབྲོག་མང་ཚོགས་ལ་གེགས་འགོག་འདུ་ཤེས་སྔར་བས་ཟབ་ཏུ་གཏོང་རྒྱུའི་ཁྲིད་སྟོན་བྱས་ཡོད། གྲོང་ཚོ(གྲོང་མི)“ཨུ་ལྷན་གཉིས”ལ་གཞོགས་འདེགས་ཧུར་ཐག་བྱས་ཏེ། ཡུལ་དམག་དང་གྲོང་སྲུང་རུ་ཁག་སྒྲིག་འཛུགས་ཀྱིས་ཆུ་མཛོད་དང་། སློབ་གྲྭ གྲོང་ཚོ་སོགས་གཙོ་གནད་ཁུལ་དང་མི་སྣ་འདུ་འཛོམས་ཆེ་སར་སྐོར་གཡེང་བྱེད་ཤུགས་ཆེ་རུ་བཏང་ནས་རྟེན་འབྲེལ་ཆེ་མོའི་རིང་གཞི་རིམ་དུ་ཞི་མཐུན་བརྟན་ལྷིང་ཡོང་བའི་འགན་ལེན་བྱས་པ་རེད།

གཞི་རིམ་གྱི་ཏང་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན་ལ་ལོ་བརྒྱའི་ཏང་གི་ལོ་རྒྱུས་ཁྲོད་ནས་བློ་གྲོས་དང་སྟོབས་ཤུགས་བསྡུ་ལེན་བྱེད་དུ་བཅུག་སྟེ། མི་དམངས་ལ་ཞབས་འདེགས་ཞུ་བའི་ནུས་པ་དང་ཆུ་ཚད་ཕྱོགས་ཡོངས་ནས་མཐོ་རུ་གཏོང་ཆེད། ལྗོངས་ཡོངས་ཀྱི་གྲོང་སྡོད་ལས་དོན་རུ་ཁག་ཁག་གིས་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་དེ་མང་ཚོགས་ཀྱི“འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག”བཅས་ཀྱི་གནད་དོན་ཐག་གཅོད་བྱ་རྒྱུ་དང་ཟུང་འབྲེལ་བྱས་ཏེ། “ངས་མང་ཚོགས་ལ་བྱ་བ་དངོས་སྒྲུབ་པའི”ལག་ལེན་བྱེད་སྒོ་ཧུར་ཐག་སྤེལ་ཡོད། བསྡོམས་རྩིས་བྱས་པར་གཞིགས་ན། ཉིན་ཤས་བསྟུད་མར་གྲོང་སྡོད་ལས་དོན་རུ་ཁག་ཁག་གིས་སྔ་རྗེས་སུ་འོས་འགན་སྨན་བཅོས་དང་། གཅེས་སེམས་མཚོན་པའི་ཞལ་འདེབས། འཚམས་འདྲིའི་བྱེད་སྒོ་བཅས་ཐེངས་6067སྤེལ་ཏེ། མང་ཚོགས་ལ་བྱ་བ་དངོས་དང་བྱ་བ་བཟང་པོ་13822བསྒྲུབས་པ་ལས་མང་ཚོགས་ཚོས་ཏང་དང་སྲིད་གཞུང་གི་ཐུགས་ཁུར་དངོས་འབྲེལ་ཚོར་བ་དང་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་ཁྱད་འཕགས་རང་བཞིན་དང་མེས་རྒྱལ་ཁྱིམ་ཚང་ཆེ་མོའི་དྲོ་སྐྱིད་དངོས་འབྲེལ་ཚོར་ཡོད་པ་རེད།

(སྤེན་ཚེས་བསྒྱུར། སྤེན་ཚེ་དང་བསྟན་བཟང་གིས་ཞུས)