《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2021年07月15日

ཡན་ཅིན་ཧའེ་ཡིས་ཏང་ཡོན་དཀྱུས་མའི་མིང་ཐོག་ནས་ཁོངས་གཏོགས་ཏང་ཀྲི་པུའི་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་ཆེད་དོན་རྩ་འཛུགས་ཀྱི་འཚོ་བའི་ཚོགས་འདུར་ཞུགས་པ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་གནས་ཚུལ་འབྱོར་གསལ། 《ཏང་གི་སྒྲིག་ཡིག》གི་བླང་བྱ་དང་ལྗོངས་ཏང་ཨུད་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་འགོ་ཁྲིད་ཚོགས་ཆུང་གི་གཅིག་གྱུར་བཀོད་སྒྲིག་གཞིར་བཟུང་། ཚེས་12ཉིན་གྱི་ཕྱི་དྲོ། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་ཡན་ཅིན་ཧའེ་ཡིས་ཏང་ཡོན་དཀྱུས་མའི་མིང་ཐོག་ནས་ལྗོངས་ཏང་ཨུད་གཞུང་དོན་ཐིང(ལས་ཁུངས་ཏང་ཨུད)ཏང་ཀྲི་པུའི་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་ཆེད་དོན་རྩ་འཛུགས་ཀྱི་འཚོ་བའི་ཚོགས་འདུར་ཞུགས་ནས་ཀྲི་པུའི་ཏང་ཡོན་ཚོ་དང་མཉམ་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི“བདུན་གཅིག”གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་གཏིང་ཟབ་བྱས་ཏེ། སློབ་སྦྱོང་གི་མྱོང་ཚོར་སྤེལ་རེས་དང་། ཧེ་བག་དང་མི་འདང་ས་འཚོལ་བ། ཏང་གཤིས་ལ་དབྱེ་ཞིབ་བཅས་བྱས་ནས་སྐྱོན་བརྗོད་དང་རང་སྐྱོན་རང་བརྗོད་བྱས་པ་རེད།

ཚོགས་འདུའི་ཐོག་ཀྲི་པུའི་ཧྲུའུ་ཅིས་2021ལོའི་ལོ་སྟོད་ཀྱི་ཏང་ཀྲི་པུའི་ལས་དོན་དང་དེ་བཞིན་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་དང“དེ་བས་གསུམ”གྱི་ཆེད་དོན་སློབ་གསོ་སྤེལ་ཚུལ་བརྡ་ཁྱབ་བཏང་བ་དང་འབྲེལ་ཏང་ཀྲི་པུའི་ཚབ་ཞུས་ནས་ལྟ་བསྡུར་ཞིབ་བཤེར་ཡང་བྱས་པ་རེད། ཀྲི་པུའི་ཁོངས་མིས་ཚོགས་འདུའི་བརྗོད་དོན་གཙོ་བོར་དམིགས་ནས་མི་སྒེར་གྱི་བསམ་བློ་དང་ལས་ཀའི་དོན་དངོས་ཟུང་འབྲེལ་བྱས་ཏེ་ཞིབ་བཤེར་དང་གནད་དོན་བཙལ་འཚོལ་དང་། བསམ་བློའི་འབྱུང་རྩར་དབྱེ་ཞིབ། དག་ཐེར་བྱེད་ཐབས་གསལ་བཟོ་བཅས་བྱས་པས་བསམ་བློ་གཅིག་གྱུར་དང་། མཐུན་སྒྲིལ་ཟབ་གཏོང་། ཐུན་མོང་མཐོར་གཏོང་བཅས་ཀྱི་དམིགས་ཡུལ་འགྲུབ་ཐུབ་པ་བྱུང་ཡོད།

(པར་ངོས་གསུམ་པར་གཟིགས)

(པར་ངོས་དང་པོར་མཐུད)

ཚང་མའི་གཏམ་བཤད་ནན་ཏན་ངང་གསན་རྗེས། ཡན་ཅིན་ཧའེ་ཡིས་གསུང་བཤད་གལ་ཆེན་གྱི་དགོངས་དོན་ཤེས་རྟོགས་བྱས་ནས་ཏང་གི་ལོ་རྒྱུས་ཁྲོད་གསར་བརྗེའི་ས་བོན་རྒྱུན་འཛིན་བྱེད་དགོས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི“བདུན་གཅིག”གསུང་བཤད་གལ་ཆེན་ནི་མར་ཁེ་སི་རིང་ལུགས་ཀྱི་རྩ་འཛིན་རང་བཞིན་གྱི་ཚད་ལྡན་ཡིག་ཆ་ཞིག་དང་། དུས་རབས་གསར་པའི་ཀྲུང་གོ་གུང་ཁྲན་ཏང་མིའི“བསྒྲགས་གཏམ”དང་། “ཕྱོགས་སྟོན་འཁོར་ལོ” “གཡུལ་འགྱེད་རེའུ་མིག” “འཛོམས་བརྡ་གཏོང་བ”བཅས་རེད། ང་ཚོས་ཏང་ལ་ལྷག་བསམ་རྣམ་དག་བྱེད་པའི་ཆབ་སྲིད་ཀྱི་རང་བཞིན་དང་། འགན་འཁྲི་འཁུར་ཕོད་པ་དང་བྱས་རྗེས་འཇོག་ཕོད་པའི་ཆབ་སྲིད་ཀྱི་ངེས་ཤུགས། གསར་འབྱེད་གསར་གཏོད་ཀྱི་ཆབ་སྲིད་ཀྱི་བློ་སྟོབས་བཅས་ནམ་ཡང་རྒྱུན་འཁྱོངས་བྱས་ཏེ་སྤྱི་ཁྱབ་ཧྲུའུ་ཅིས་ང་ཚོར་དཀྲིས་པའི་མཐའ་སྐྱོང་བོད་བརྟན་གྱི་འགན་འཁྲི་དང་ལས་འགན་དེ་བས་ལེགས་པར་བསྒྲུབས་ནས་བོད་ཀྱི་ལས་དོན་གྱི་རྣམ་པ་གསར་པ་ཧུར་ཐག་གཏོད་དགོས། ཏང་གི་བསམ་བློའི་སྟོབས་ཤུགས་ཆེན་པོ་ཤེས་རྟོགས་བྱས་ནས་ཏང་གི་ལོ་རྒྱུས་ཁྲོད་ལག་ལེན་གྱི་སྟོབས་ཤུགས་བསྡུ་ལེན་བྱེད་དགོས། དུས་རབས་གསར་པ་ནི་ང་ཚོ་གུང་ཁྲན་ཏང་མི་མི་རབས་འདིས་འབད་འཐབ་ལྷོད་མེད་དང་བྱས་རྗེས་འཇོག་པའི་དུས་རབས་ཤིག་ཡིན་པས། ང་ཚོས་ངེས་པར་དུ་ཏང་གི་གསར་གཏོད་བསམ་བློ་ཕྱོགས་སྟོན་དུ་བྱས་ནས་ནམ་ཡང་ལྷོད་གཡེང་མི་གཏོང་བའི་བསམ་པའི་ཉམས་འགྱུར་དང་ཞུམ་མེད་མདུན་སྐྱོད་ཀྱི་འབད་འཐབ་རྣམ་པ་རྒྱུན་འཁྱོངས་བྱས་ཏེ། འཕོ་འགྱུར་དང་གསར་གཏོད་བྱེད་ཕོད་པ་དང་། དུས་ཚོད་ཀྱིས་མི་སྒུག་པ། དུས་ཚོད་སྐར་ཆ་ཙམ་ཡང་བརྩོན་ལེན་བཅས་བྱས་ནས་དུས་རབས་གསར་པའི་བོད་ཀྱི་ལས་དོན་གྱི་ལེའུ་གསར་པ་ཧུར་ཐག་རྩོམ་དགོས། སྔོན་གཤེགས་དཔའ་བོའི་གདོང་ལེན་སྔོན་ཐོན་ཤེས་རྟོགས་བྱས་ནས་ཏང་གི་ལོ་རྒྱུས་ཁྲོད་སྙིང་སྟོབས་ཀྱི་མཐོ་ས་བརྟན་དུ་གཏོང་དགོས། སྔོན་གཤེགས་དཔའ་བོ་ཚོའི་ལན་བརྒྱར་ཕམ་རུང་དཔའ་མི་ཞུམ་པ་དང་ཤི་ཡང་གནོང་འགྱོད་མེད་པའི་དཔའ་བོའི་བློ་སྟོབས་ལ་སློབ་སྦྱོང་དང་། གདོང་ལེན་པ་ཚོས་བློ་གཅིག་སེམས་གཅིག་ངང་དམངས་ལ་ཞབས་འདེགས་ཞུ་བ་དང་འགྱུར་མེད་དམ་བཅའི་བླ་ན་མེད་པའི་དོན་གཉེར་ལ་སློབ་སྦྱོང་། སྔོན་ཐོན་པ་ཚོའི་འགན་འཁྲི་འཁུར་ཕོད་པ་དང་ལེགས་སྐྱེས་འབུལ་འདོད་པའི་བླ་ན་མེད་པའི་སྤྱོད་ཚུལ་ལ་སློབ་སྦྱོང་བཅས་བྱས་ཏེ་འགན་འཁྲི་ཡག་པོ་འཁུར་བ་དང་སྣེ་ཁྲིད་ཡག་པོ་བྱས་ནས་ཏང་དང་མི་དམངས་ཀྱི་མངགས་བཅོལ་ཟབ་མོ་ཆུད་ཟོས་སུ་གཏོང་མི་རུང་། རང་རྟོགས་ངང“ཀུན་སྤྱོད་བཟང་པོ”བཙུགས་ནས་གུང་ཁྲན་ཏང་མིའི་བསམ་པའི་ཉམས་འགྱུར་མངོན་པར་བྱེད་པ་དང་། རང་རྟོགས་ངང“གཤིས་རྒྱུད་ཡག་པོ”འཇགས་པར་བྱས་ནས་གུང་ཁྲན་ཏང་མིའི་ཕུལ་བྱུང་གཤིས་རྒྱུད་མངོན་པར་བྱེད་པ། རང་རྟོགས་ངང“སྤྱོད་ལམ་ཡག་པོ”འཇགས་པར་བྱས་ནས་གུང་ཁྲན་ཏང་མིའི་སྤྱོད་གཙང་གི་རང་གཤིས་ནམ་ཡང་མི་ཉམས་པར་བྱེད་དགོས་པའི་མཛུབ་སྟོན་གནང་བ་རེད།