《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2021年07月14日

རྒས་དུས་བརྟེན་ས་ཡོད་པ་དང་། རྒས་དུས་ལས་རྒྱུ་ཡོད་པ། རྒས་དུས་སེམས་པ་སྐྱིད་པ།

—— ཆུ་ཤུར་རྫོང་གི་གསུམ་ལྡན་གྲོང་ཚོའི“རྒན་གསོ་ཁང”གི་སྐོར་བཀོད་པ།

“གྲོང་ཚོའི‘རྒན་གསོ་ཁང’ནི་ང་ཚོ་རྒན་རྒོན་ཚོའི་ཁྱིམ་ཚང་གཉིས་པ་དེ་ཡིན། དེར་ངལ་གསོ་རྒྱག་ས་ཡོད་པ་མ་ཟད། ད་དུང་ལོ་ན་འདྲ་བའི་གྲོགས་པོ་དང་མཉམ་དུ་ཁ་བརྡ་གློད་རྒྱུ་དང་བརྙན་འཕྲིན་ལྟ་རྒྱུའང་ཡོད། རང་གི་ཁྱིམ་ལས་འཁྲུག་ཆ་དོད་ལ་ཁ་ལག་ཀྱང་ཞིམ་པོ་འདུག”ཅེས་འདི་ལོ་ལོ་74ལ་སླེབས་པའི་བགྲེས་སོང་པད་མས་འཛུམ་དམུལ་དམུལ་ངང་ཤོད་བཞིན་ང་ཚོ(གསར་འགོད་པ) ཆུ་ཤུར་རྫོང་གི་གསུམ་ལྡན་གྲོང་ཚོའི“རྒན་གསོ་ཁང”དུ་འཁྲིད་བྱུང་།

གསར་འགོད་པས“རྒན་གསོ་ཁང”གི་རྒན་རྒོན་རྣམས་དགའ་དགའ་སྤྲོ་སྤྲོའི་ངང་བརྙན་འཕྲིན་ལྟ་བཞིན་པ་མཐོང་བྱུང་། ཕྱོགས་བཞིར་ལྟ་སྐབས་བརྙན་འཕྲིན་དང་། དྲོད་སྙོམས་འཕྲུལ་ཆས། སྒྲོག་ཙེ་རྐུབ་སྟེགས། དཔེ་དེབ་སོགས་སྒྲིག་བཀོད་དང་སྒྲིག་ཆས་ཆ་ཚང་པོ་འདུག “‘རྒན་གསོ་ཁང’དེ་བསྐྲུན་པ་ལས་གཞིས་སྲུང་རྒན་རྒོན་ལ་ཉིན་མོ་ལྟ་རྟོག་དང་འཚོ་བའི་འགན་ལེན་སོགས་ཀྱི་གནད་དོན་ཐག་གཅོད་ཐུབ་པ་མ་ཟད། ད་དུང་རྒན་རྒོན་གྱི་བསམ་པའི་འཚོ་བའི་དགོས་མཁོ་ཡང་སྐོང་ཐུབ་པས་རྒན་རྒོན་མང་ཆེ་བ་འདིར་ཡོང་འདོད་ཆེན་པོ་བྱེད་ཀྱི་ཡོད”

ཤེས་རྟོགས་བྱུང་བར་གཞིགས་ན། ལྗོངས་ཡོངས་ཀྱི་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་བཀོད་སྒྲིག་ས་ཚིགས་ཁག་དང་པོ་གསུམ་ལྡན་གྲོང་ཚོའི་གྲོང་མིའི་འབབ་ཁུངས་གཙོ་བོ་ནི་ཕྱིར་གླ་པ་རྒྱུག་པར་བསྐྱོད་པའི་ཡོང་འབབ་ཡིན་མོད། འོན་ཀྱང་གྲོང་མི་མང་དག་ཅིག་ལོ་ན་མཐོ་བའི་རྒན་རྒོན་ལ་ལྟ་རྟོག་བྱེད་དགོས་པའི་དབང་གིས་རང་ཁྱིམ་དུ་སྡོད་རྒྱུ་ལས་མ་འདས་པས། ཡོང་འབབ་ཡོང་ཁུངས་མེད་པས་འཚོ་བར་དཀའ་ངལ་ཆེན་པོ་འཕྲད་ཀྱི་ཡོད། མང་ཚོགས་ཀྱི་འབབ་འཕར་དང་རྒན་རྒོན་ལ་ལྟ་རྟོག་གཉིས་དབར་གྱི་འགལ་ཟླ་སེལ་ཆེད། གསུམ་ལྡན་གྲོང་ཚོས་གྲོང་ཚོ་ཡོངས་ཀྱི་ལོ་65ཡན་གྱི་རྒན་རྒོན་ཡོད་པའི་དུད་ཚང་49ལ་རེ་རེ་བཞིན་བཅར་འདྲི་བྱས་ཏེ་བསམ་ཚུལ་བསྡུ་ལེན་བྱས་རྗེས། དགོས་མཁོ་དབྱེ་བ་ཞིབ་ཕྲ་ཕྱེ་བ་དང་རྒན་གསོའི་གཞི་རྟེན་ཕུན་སུམ་ཚོགས་སུ་བཏང་སྟེ། གྲོང་ཚོར“རྒན་གསོ་ཁང”བཙུགས་ནས་གྲོང་ཚོའི་ལོ་ན་མཐོ་བའི་རྒན་རྒོན་ལ་སྐབས་འཕྲལ་ལྟ་རྟོག་བྱས་ཏེ་རྒན་རྒོན་ཚོར་ཚེ་མཇུག་སྐྱིད་པོ་ཞིག་སྐྱེལ་རྒྱུ་ཡོང་བ་བྱས་པ་མ་ཟད། ཕྱིར་གླ་པར་རྒྱུག་མཁན་གྲོང་མིའི་སེམས་ཁྲལ་ཡང་བསལ་ཡོད།

“འདིར་ང་ཚོར་ཉིན་གཅིག་གི་ལྟོ་དུས་གསུམ་བཟོ་མཁན་ཡོད། རོགས་པ་རྙིང་པ་ཚོ་དང་མཉམ་དུ་ཁ་བརྡ་གློད་པ་དང་དགོད་བྲོའི་གཏམ་གླེང་ཤོད་རེས་བྱས་ནས་སྡོད་སྐབས་སེམས་པ་ཧ་ཅང་སྐྱིད་པོ་འདུག ཕྲུ་གུ་ཚོ་ཡང་བློ་བདེ་པོ་ཡོད”ཅེས་འདི་ལོ་ལོ་74ལ་སླེབས་པའི་པད་མས་བཤད། ཁོང་གིས་ད་དུང“གྲོང་ཚོར་རིན་མེད་ངང་རྒན་གསོའི་སྒྲིག་གཞི་བཙུགས་རྗེས། བུ་ཡང་བློ་བདེ་པོས་ཕྱིར་ལས་ཀ་འཚོལ་བར་ཕྱིན་སོང་། ད་ཆ་ཉིན་ལྟར་ཞོགས་པ་ང་ཚོ་གཞིས་སྲུང་རྒན་རྒོན་ཚོ་ལས་ཀར་འབྱོར་ཐོ་འགོད་པ་བཞིན‘རྒན་གསོ་ཁང’དུ་ཉིན་ལྟར་དུས་ཐོག་ཏུ་ཡོང་གི་ཡོད། ཚང་མ་མཉམ་དུ་སྡོད་རྒྱུ་བྱུང་ན་ཧ་ཅང་སྐྱིད་པོ་འདུག”ཅེས་བཤད།

གསུམ་ལྡན་གྲོང་ཚོའི“རྒན་གསོ་ཁང”དུ་པད་མ་དང་འདྲ་བའི་རྒན་རྒོན་25ཡོད་ཅིང་། ཁོང་ཚོའི་ཆ་སྙོམས་ལོ་ཚད་ནི་ལོ་72དང་ལོ་ཆེ་ཤོས་འདི་ལོ་ལོ་88ལ་སླེབས་ཀྱི་ཡོད། “རྒན་གསོ་ཁང”དུ་ཐོག་མར་ཡོང་མཁན་ལོ་ན་མཐོ་བའི་རྒན་རྒོན་ཁྲོད་མི་19ཡི་ཁྲག་ཤེད་མཐོ་པོ་ཡོད། “རྒན་གསོ་ཁང”གིས་བཟའ་བཅའ་སྡེབ་སྦྱོར་ལུགས་མཐུན་དང་སྨན་དོན་མི་སྣས་ལྟ་རྟོག་ཞིབ་ཚགས་བྱས་པ་བརྒྱུད། ད་ཆ་ཁྲག་ཤེད་ཅུང་མཐོ་བའི་རྒན་རྒོན་2ལས་ལྷག་མེད།

“རྒན་གསོ་ཁང”ཡུན་རིང་གཉེར་ཐུབ་པ་བྱ་ཆེད། གསུམ་ལྡན་གྲོང་ཚོས་སྲིད་གཞུང་རང་བཞིན་གྱི་ཉོ་སྒྲུབ་ལས་གནས་གཉིས་རེ་ཞུ་བྱས་ཏེ།“རྒན་གསོའི་ཁང”གི་ཞབས་ཞུ་བའི་གླ་ཕོགས་ཀྱི་གནད་དོན་ཐག་གཅོད་བྱས་ནས་དམངས་ཕན་བྱ་ཐབས་དེ་ཡུན་རིང་སྤྱོད་ཐུབ་པའི་འགན་ལེན་བྱས་ཡོད། དེ་དང་ཆབས་ཅིག་ཁང་དེས་ཉེ་འགྲམ་གྱི་དབུལ་སྐྱོར་ཐོན་སྐྱེད་འཁོར་ཁང་དང་མཉམ་སྐྲུན་མཉམ་ལས་ཀྱི་གྲོས་མཐུན་བཞག་ཅིང་། འཁོར་ཁང་གིས་སྟབས་བདེའི་ཐུམ་སྒྲིལ་ལས་ཀ་རྒན་གསོ་ཁང་ལ་སྤྲད་དེ་རྒན་གསོ་ཁང་གི་རྒན་རྒོན་གྱིས་རིན་ཡོད་ལས་ཀ་བྱས་པ་བརྒྱུད། ཡོང་འབབ་ཀྱང་བྱུང་ནས་རྒས་དུས་བརྟེན་ས་ཡོད་པ་དང་། རྒས་དུས་ལས་རྒྱུ་ཡོད་པ། རྒས་དུས་སེམས་པ་སྐྱིད་པ་བཅས་དངོས་འབྲེལ་བྱུང་ཡོད།

(སྤེན་ཚེས་བསྒྱུར། སྤེན་ཚེ་དང་བསྟན་བཟང་གིས་ཞུས)