《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2021年07月14日

“དཔེ་སྐྲུན་ཁང་བརྒྱ་དང་སློབ་གྲྭ་སྟོང་། དཔེ་དེབ་ལ་དགའ་བའི་བྱིས་པའི་དུས”ཞེས་པའི་དཔེ་དེབ་ཞལ་འདེབས་བྱེད་སྒོ་སྤེལ་བ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ་7ཚེས་5ཉིན། བོད་རང་སྐྱོང་ལྗོངས་མི་དམངས་དཔེ་སྐྲུན་ཁང་ཏང་ཨུད་ཀྱི་ཨུ་ཡོན་སྤྱི་ཁྱབ་རྩོམ་སྒྲིག་པ་ལི་ཧའེ་ཕིང་དང་། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་སློབ་གསོ་རྩོམ་སྒྲིག་ཁང་གི་ཀྲུའུ་རེན་ཚེ་རིང་རྡོ་རྗེ། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་འགྲེམས་སྤེལ་པུའི་ཝུའུ་ཞའོ་ཆང་བཅས་གཉའ་ནང་རྫོང་དུ་བསྐྱོད་དེ“དཔེ་སྐྲུན་ཁང་བརྒྱ་དང་སློབ་གྲྭ་སྟོང་། དཔེ་དེབ་ལ་དགའ་བའི་བྱིས་པའི་དུས”ཞེས་པའི་དཔེ་དེབ་ཞལ་འདེབས་རྒྱག་པའི་བྱེད་སྒོ་སྤེལ་བ་དང་། རྫོང་ཨུད་ཀྱི་རྒྱུན་ཨུ་སྲིད་གཞུང་གི་རྒྱུན་ལས་རྫོང་དཔོན་གཞོན་པ་དབྱང་དབྱང་དང་། རྫོང་སློབ་གསོ་ཅུས་ཀྱི་འབྲེལ་ཡོད་མི་སྣ་དཔེ་དེབ་ཞལ་འདེབས་རྒྱག་པའི་བྱེད་སྒོར་ཞུགས་ཡོད་པ་རེད།

ད་ཐེངས་ཀྱི་དཔེ་དེབ་ཞལ་འདེབས་རྒྱག་པའི་བྱེད་སྒོ་དེ་གཉའ་ནང་རྫོང་གི་ཤང་དང་གྲོང་རྡལ་གྱི་ལྟེ་བའི་སློབ་ཆུང་5ལ་ཁྱབ་ཡོད། ད་ཐེངས་ཀྱི་བྱེད་སྒོར་ཁྱོན་དཔེ་དེབ་4800ལྷག་ཙམ་ཞལ་འདེབས་བརྒྱབ་པར་རིན་ཐང་སྒོར་ཁྲི་10ལྷག་ཙམ་ཟིན་ཡོད། དེ་རྗེས་བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་གི་འགན་འཁུར་བློ་མཐུན་གྱིས་སློབ་གྲྭའི་བྱེད་ནུས་ཁང་དང་སློབ་ཁང་ལ་ལྟ་སྐོར་བྱས་ནས་སློབ་གྲྭ་འཛུགས་སྐྱོང་ཐད་ལ་ཚད་མཐོའི་གདེང་འཇོག་བྱས་པ་རེད།

དབྱང་དབྱང་གིས་གསུང་བཤད་གནང་སྐབས་གཅིག་ནས་དགེ་སློབ་ཡོངས་ཀྱིས་དཔེ་དེབ་ཉར་ཚགས་དང་རྒྱུན་འཛིན་ཡག་པོ་བྱས་ཏེ་དཔེ་དེབ་ཀྱི་དྲི་ཞིམ་ནམ་ཡང་སློབ་གྲྭར་འཐུལ་བ་བྱེད་དགོས་པ་དང་། གཉིས་ནས་དཔེ་དེབ་ལ་བརྟེན་ནས་རང་ཉིད་ཀྱི་ཤེས་རྒྱ་ཆེ་རུ་གཏོང་དགོས་པ། གསུམ་ནས་སྤྱི་ཚོགས་ཀྱིས་རྒྱ་ཆེའི་དགེ་སློབ་ཚོར་བཅོལ་བའི་རེ་བ་སེམས་ལ་བརྟན་པོར་ངེས་ནས་གཉའ་ནང་ལ་ཕུལ་བྱུང་ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་དགོས་པ་བཅས་ཀྱི་བླང་བྱ་བཏོན་ཡོད། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་གིས་ཞལ་འདེབས་བརྒྱབ་པའི་དཔེ་དེབ་རེ་རེ་ལས་ལྷག་བསམ་ཟོལ་མེད་ཀྱི་གཅེས་སེམས་རེ་རེ་མཚོན་ཡོད་ལ། ཁོང་ཚོས་གཉའ་ནང་གི་གྲོགས་པོ་ཆུང་ཆུང་ཚོར་སྨོན་འདུན་བཟང་པོ་ཞུ་ལུགས་བརྒྱུད་སྤྲོད་ཀྱང་བྱས་ཡོད།

(འཕྲིན་སྤེལ་བ། དབང་སྒྲོན)