《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2021年07月14日

སྤྲོ་སེམས་ཆེན་པོས་ཆུ་བེད་བོད་སྐྱོར་བྱ་གཞག་ལ་གཞོལ།

—— ཉིང་ཁྲི་གྲོང་ཁྱེར་ཆུ་བེད་ཅུས་ཏང་ཙུའུ་ཡི་ཁོངས་མི་མཐོ་རིམ་ལག་རྩལ་ཆེ་མོ་བ་ཀུའུ་ལི་ཀྲུང་གི་སྐོར་བཀོད་པ།

ཀུའུ་ལི་ཀྲུང་1981ལོར་སྐྱེས། ཀྲུང་གུང་ཏང་ཡོན་དང་ཀོང་ཏུང་ཞིང་ཆེན་ཆུ་བེད་ཆུ་གློག་ཚན་རིག་ཞིབ་འཇུག་ཁང་གི་མཐོ་རིམ་ལག་རྩལ་ཆེ་མོ་བ་རྒན་པ་རེད། 2019ལོར་རང་འགུལ་ངང་ཀོང་ཏུང་ཞིང་ཆེན་བོད་སྐྱོར་ལས་དོན་རུ་ཁག་ཁག་དགུ་པར་མིང་ཐོ་བཀོད་ནས་ཞུགས་ཤིང་། ད་ཆ་ཀོང་ཏུང་ཞིང་ཆེན་བོད་སྐྱོར་ལས་དོན་རུ་ཁག་ཁག་དགུ་པའི་རུ་དཔོན་དང་ཉིང་ཁྲི་གྲོང་ཁྱེར་ཆུ་བེད་ཅུས་ཏང་ཙུའུ་ཡི་ཁོངས་མི་ཡིན།

2019ལོའི་ཟླ་དྲུག་པར་ཀུའུ་ལི་ཀྲུང་གིས་ཉིང་ཁྲི་གྲོང་ཁྱེར་ཆུ་བེད་ཅུས་སུ་འབྱོར་ཐོ་བཀོད། ཉིང་ཁྲིའི་ཆུ་བེད་ཀྱི་དོན་དངོས་གསལ་རྟོགས་བྱ་ཆེད། ཁོང་གིས་གཞི་རིམ་དུ་བསྐྱོད་ནས་བརྟག་ཞིབ་བྱེད་པའི་གོ་སྐབས་མཐའ་དག་དམ་འཛིན་བྱས་ཏེ་ལོ་ཕྱེད་ནང་ཉིང་ཁྲི་གྲོང་ཁྱེར་གྱི་རྫོང(ཆུས)དང་ཤང་དང་གྲོང་རྡལ་གསུམ་ཆ་གཉིས་ལ་བསྐྱོད་དེ་ཉིན་བཅུའི་ནང་ལས་གྲྭའི་ས་ཚིགས་20ཙམ་ལ་ལྟ་ཞིབ་བྱས་པ་མ་ཟད། ཡར་ཀླུང་གཙང་པོ་དང་རྫ་ཆུ་སོགས་ཆུ་བོ་རྒྱུག་ཁུལ་ཆེ་ཆུང་12ལ་བསྐྱོད་པ་དང་2020ལོར་ཆུ་བེད་ལས་གྲྭའི་འཐབ་ཕྱོགས་དང་པོར་ཐེངས་95བསྐྱོད་ཡོད། ཀུའུ་ལི་ཀྲུང་གིས་རྒྱུན་དུ“ལས་ཡུལ་དུ་ཕྱིན་ན། གཞི་ནས་སེམས་ལྷོད་དུ་བབས་ཀྱི་འདུག”ཅེས་ཤོད་ཀྱི་ཡོད། གཞི་རིམ་ལ་བརྟག་ཞིབ་ནན་ཏན་བྱེད་རིང་ཁོང་གིས། ཉིང་ཁྲིའི་ཆུ་བེད་བྱ་གཞག་ལ་ཁ་ཐང་ཤོས་ནི་རྣམ་གྲངས་དང་མ་དངུལ་མ་ཡིན་པར། ལག་རྩལ་དང་ཤེས་ལྡན་པ་ཡིན་པ་ཤེས་པ་མ་ཟད། དེའི་རྐྱེན་པས་ཁོང་གི་ལས་ཀའི་བསམ་ཕྱོགས་དང་ཁ་ཕྱོགས་གསལ་པོ་བྱུང་ཡོད།

ཀུའུ་ལི་ཀྲུང་གིས་བརྟག་ཞིབ་བྱེད་རིང་ཤེས་རྟོགས་བྱུང་བའི་གནད་དོན་150ཙམ་གསེད་བཀྲོལ་ཕྱོགས་སྒྲིག་བྱེད་པ་མ་ཟད། ས་གནས་ས་ཐོག་གི་བཅོས་སྒྲིག་ལས་དོན་ནང་ཞུགས་ཡོད། དེ་དང་ཆབས་ཅིག་ཆུ་བོ་དང་མཚོ་དོ་དམ་ཁྱབ་ཁོངས་དབྱེ་བ་དང་། བྱེ་མ་སྔོག་འདོན་འཆར་འགོད། ཆུའི་ཐོན་ཁུངས་རིགས་པས་ཁུངས་སྐྱེལ། ཐོག་མའི་ཇུས་འགོད་སྙན་ཞུ་སོགས་རྣམ་གྲངས་གལ་ཆེན་གྱི་ཞིབ་བཤེར་རྣམ་གྲངས་58གཙོ་སྐྱོང་བྱས་པ་དང་འབྲེལ་དེའི་ནང་ཞུགས་ནས་ཉིང་ཁྲིའི་ལག་རྩལ་མི་སྣར་ཞིབ་ཅིང་ཕྲ་བའི་ངང་རིགས་ཁག་གི་རྣམ་གྲངས་ཞིབ་བཤེར་གྱི་གཙོ་གནད་འཆད་ཁྲིད་བྱས་ཡོད། ཉིང་ཁྲིའི་2020ལོའི་ཆུ་བེད་འཛུགས་སྐྲུན་རྣམ་གྲངས་ཆེ་ཤོས“བྲག་ཡིབ་ཆུས་ཀྱི་གྲབས་སྤྱོད་ཆུ་ཁུངས་ལས་གྲྭ”གཙོ་སྐྱོང་བྱས་ཏེ་ལེགས་གྲུབ་བྱས་པ་དང་། བོད་སྐྱོར་རུ་ཁག་གི“ལོ་ལྔ་ཚན་བཅུ་གསུམ་པའི”མཇུག་བསྡུའི་རྣམ་གྲངས“ཀླུ་ནང་བཀྲ་ཐང་ཀླུ་མཚོའི་ཆུའི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྒྲིག་ལས་གྲྭ”ཧྲིལ་པོར་མཛུབ་ཁྲིད་བྱས་པ་མ་ཟད། དེའི་ནང་ཞུགས་ཡོད།

ཉིང་ཁྲི་གྲོང་ཁྱེར་གྱི་ཆུ་བོ་དང་མཚོ་དོ་དམ་དང་ཆུའི་ཐོན་ཁུངས་དོ་དམ་གྱི་ཞན་ཆ་སེལ་ཆེད། ཀུའུ་ལི་ཀྲུང་གིས་ཕྱོགས་དེ་གཉིས་ཀྱི་ཁག་བགོས་དོ་དམ་གྱི་ལས་སྒོའི་འགན་ཁུར་ནས་མ་དངུལ་དང་ལག་རྩལ་བསྡུ་སྒྲིལ་དང་། ཆུ་བཅོས་བསམ་ཕྱོགས་མགྱོགས་མྱུར་སྒྱུར་བ། ཆུ་གྲོན་ཆུང་བྱེད་རྒྱུ་སྔོན་འགྲོར་བརྩི་བ་བཅས་བྱས་ཏེ་ཆུ་དང་། དཔལ་འབྱོར། སྤྱི་ཚོགས་བཅས་འཕེལ་རྒྱས་ཀྱི་འབྲེལ་བ་ཐག་གཅོད་ཡག་པོ་བྱས་ཡོད། ལྗོངས་ནང་ཁུལ་དུ་གྲོང་ཁྱེར་རིམ་པའི་ཆུ་གྲོན་ཆུང་ལས་ཁུངས་ཐོག་མ་བཙུགས་པ་དང་ཀོང་ཏུང་ཞིང་ཆེན་ཆུ་བེད་ཐིང་ནས་མ་དངུལ་སྒོར་ཁྲི་11བརྩོན་ལེན་བྱས་ཏེ། ཉིང་ཁྲི་གྲོང་ཁྱེར་ཆུ་བེད་ཅུས་ཆུ་གྲོན་ཆུང་ལས་ཁུངས་འཛུགས་པའི་ལས་དོན་ཧུར་ཐག་སྤེལ་བ་མ་ཟད། རང་སྐྱོང་ལྗོངས་ཆུ་བེད་ཐིང་གིས་བདེ་བླག་ངང་ཞིབ་བཤེར་རྩིས་ལེན་བྱས་ཡོད། ཀྲུའུ་ཅང་གཙང་པོའི་ཆུ་བེད་ཨུ་ཡོན་ལྷན་ཁང་དང་འབྲེལ་མཐུད་ཧུར་ཐག་བྱས་ཏེ་བྲག་ཡིབ་ཆུས་དང་། སྨན་གླིང་རྫོང་། སྤོ་བོ་རྫོང་། མེ་ཏོག་རྫོང་། རྫ་ཡུལ་རྫོང་བཅས་རྫོང(ཆུས)5ལ་ཆུ་བེད་ལས་རིགས་ཀྱི་ཆུ་གྲོན་ཆུང་གི་ལས་ཁུངས་འཛུགས་པའི་མ་དངུལ་སྒོར་ཁྲི་16.5དོན་འཁྱོལ་བྱས་ཏེ་གྲོང་ཁྱེར་དང་རྫོང་རིམ་པའི་ཆུ་བེད་ཀྱི་ཆུ་གྲོན་ཆུང་ལས་ཁུངས་འཛུགས་པའི་ལས་འགན་ལེགས་གྲུབ་བྱས་ཡོད། ཀོང་ཏུང་ཞིང་ཆེན་ཆུ་བེད་ཐིང་ཆུ་བེད་ཆུ་གློག་ཚན་རིག་ཞིབ་འཇུག་ཁང་དང་མཐུན་སྦྱོར་བྱས་ཏེ། བྲག་ཆུ་དང་བྲག་གསུམ་མཚོའི་ཆུ་བོ་དང་མཚོ་དོ་དམ་གྱི་ཁྱབ་ཁོངས་དབྱེ་འབྱེད་ལས་དོན་ལེགས་གྲུབ་བྱས་པ་མ་ཟད། ཉིང་ཁྲི་གྲོང་ཁྱེར་གྱི་དེ་མིན་གྱི་ཆུ་བོ་57གྱི་དབང་ཆ་གཏན་འཁེལ་གྱི་ལས་དོན་ལ་བདེ་བླག་ངང་སྐུལ་འདེད་བཏང་ནས་ཆུ་དཔོན་དང་མཚོ་དཔོན་ལམ་ལུགས་ཀྱི་ལོ་འཁོར་ལས་འགན་ཕྱོགས་ཡོངས་ནས་ལེགས་སྒྲུབ་བྱས་ཡོད། 2020ལོར་རང་སྐྱོང་ལྗོངས་ཀྱིས་ཆུ་དཔོན་དང་མཚོ་དཔོན་ལམ་ལུགས་དང་ཆུའི་ཐོན་ཁུངས་དོ་དམ་ལམ་ལུགས་ནན་ཤོས་ཀྱི་དཔྱད་ཞིབ་ཁྱབ་གདལ་གཏོང་བའི་ནང་ཉིང་ཁྲིའི་ཆུ་བེད་འཛུགས་སྐྲུན་མདུན་གྲལ་དུ་སླེབས་ཡོད།

ཀུའུ་ལི་ཀྲུང་གིས་ཆུ་བེད་ལས་དོན་ཧུར་ཐག་བསྒྲུབས་པ་དང་ཆབས་ཅིག་དུས་རྟག་ཏུ་མང་ཚོགས་ལ་བྱ་བ་དངོས་སྒྲུབ་རོགས་བྱེད་ཅིང་། 2020ལོར་ཁོང་གིས་འཁོར་ཞག་བྱེད་རིང་། ཀོང་ཏུང་ཞིང་ཆེན་ཆུ་བེད་ཐིང་དང“ཀོང་ཏུང་དང་ཉིང་ཁྲིའི་དབར་གྱི་ཆུ་བེད་བརྩེ་སེམས། འཛད་སྤྱོད་བོད་སྐྱོར་བྱ་སྤྱོད”བོད་ལྗོངས་ཉིང་ཁྲིའི་ཐོན་རྫས་འགྲེམས་ཚོང་བྱེད་སྒོ་གྲུབ་འབྲས་ཐོབ་པའི་ངང་གཉེར་རྒྱུ་སྒྲིག་འཛུགས་བྱས་པ་དང་། བཟོ་ཚོགས་ཚོགས་མིའི་ཕན་བདེ་དང་ས་གནས་ས་ཐོག་ཏུ་འགྲེམས་ཚོང་སོགས་ཀྱི་བྱེད་ཐབས་བརྒྱུད། ཁྱོན་སྒོར་ཁྲི་30རི་བའི་དབུལ་སྐྱོར་ཐོན་རྫས་ཕྱིར་ཚོང་བྱས་པར་བརྟེན་ཉིང་ཁྲིའི་མང་ཚོགས་ལ་ཕན་པ་ཐོབ་པ་དང་ཆབས་ཅིག ཀོང་ཏུང་ཆུ་བེད་ཀྱི་ལས་དོན་མི་སྣ་དང་ཉིང་ཁྲིའི་མི་དམངས་དབར་གྱི་བརྩེ་སེམས་ཟབ་ཏུ་བཏང་ཡོད། (སྐལ་བཟང་སྒྲོལ་དཀར་གྱིས་བསྒྱུར། པ་སངས་དང་སྐལ་མཆོག་གིས་ཞུས)