《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2021年07月07日

ཁྲེན་ཡུང་ཆི་ཡིས་ཉིང་ཁྲིར་སྐབས་བརྗེའི་ལས་དོན་ལ་བརྟག་ཞིབ་དང་མཛུབ་ཁྲིད་གནང་བ།

འདི་ག་ཚགས་པར་ཁང་དུ་བྲག་ཡིབ་ནས་ཟླ་7ཚེས་5ཉིན་གློག་འཕྲིན་འབྱོར་གསལ། ཉེ་ཆར། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་རྩ་འཛུགས་པུའི་པུའུ་ཀྲང་ཁྲེན་ཡུང་ཆིས་ཉིང་ཁྲིར་སྐབས་བརྗེའི་ལས་དོན་ལ་བརྟག་ཞིབ་དང་མཛུབ་ཁྲིད་གནང་སྟེ། གྲོང་ཁྱེར་དང་རྫོང་གི་སྐབས་བརྗེའི་གནས་ཚུལ་མཁྱེན་རྟོགས་གནང་བ་དང་། གྲོང་ཁྱེར་གྱི་ཏང་སྲིད་ཚན་ཁག་གི་ཁོངས་མི་དང་། མི་དམངས་འཐུས་ཚོགས། སྲིད་གྲོས་བཅས་ཀྱི་འགན་འཁུར་བློ་མཐུན་གཙོ་བོ་རེ་རེ་བཞིན་དང་བཀའ་མོལ་གནང་བ་དང་འབྲེལ་བསམ་འཆར་དང་གྲོས་འགོ་ཡང་གསན་པ་རེད།

ཁྲེན་ཡུང་ཆིས་གྲོང་ཁྱེར་དང་རྫོང་གི་འགོ་ཁྲིད་ཚན་ཁག་སྐབས་བརྗེ་བ་ནི་ལྗོངས་ཡོངས་ཀྱི་ཆབ་སྲིད་འཚོ་བའི་ཁྲོད་ཀྱི་དོན་ཆེན་ཞིག་རེད། སྐབས་བརྗེའི་ལས་དོན་དང་བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱེད་པ་དང་། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དང་དེ་བཞིན་ལྗོངས་ཏང་ཨུད་ཀྱི་ལས་ཀའི་བླང་བྱ་གཞིར་བཟུང་། ཏང་གི་འགོ་ཁྲིད་མཐའ་འཁྱོངས་དང་དེར་ཤུགས་སྣོན་རྒྱག་པ་དང་། “དོན་ཆེན་བཞི”ཡག་པོ་སྒྲུབ་པ་དང“འགན་ལེན་བཞི”མངོན་འགྱུར་ཡོང་བར་དམིགས་ནས། མི་རིགས་དང་། ཆེད་ལས། ལོ་རྒྱུས། ལོ་ན་སོགས་ཀྱི་རྒྱུ་རྐྱེན་ལ་སྤྱི་འདོམས་བསམ་གཞིག་བྱེད་པ་དང་། ཚན་ཁག་གི་གྲུབ་ཆ་སྔར་བས་ལེགས་སུ་གཏོང་བ། སྤྱི་ཡོངས་ཀྱི་འཇོན་ཐང་ཆེ་རུ་གཏོང་བ་བཅས་བྱས་ནས། ཏང་ལ་བློ་དཀར་སེམས་དཀར་དང་། མི་དམངས་ལ་ཞབས་འདེགས་ཞུ་བ། མཐུན་སྒྲིལ་ལས་སྒྲུབ་བཅས་ཀྱི་སྲ་ཞིང་བརྟན་པའི་འགོ་ཁྲིད་མཉམ་སྡེབ་ཏན་ཏིག་ངང་གཏོད་དགོས་པ་དང་། དུས་སྐབས་གསར་པའི་ལས་བྱེད་པ་བཟང་པོའི་ཚད་གཞི་དང་མི་རིགས་ས་ཁུལ་གྱི་ལས་བྱེད་པའི“དམིགས་བསལ་གསུམ”གྱི་བླང་བྱ་དོན་འཁྱོལ་ནན་ཏན་བྱས་ཏེ། ཆབ་སྲིད་ཀྱི་འགག་སྒོ་དང་། ཀུན་སྤྱོད་ཀྱི་འགག་སྒོ འཇོན་ཐང་གི་འགག་སྒོ སྤྱོད་ཚུལ་གྱི་འགག་སྒོ སྤྱོད་གཙང་གི་འགག་སྒོ་བཅས་ནན་པོར་བསྲུངས་ནས་ལྷག་བསམ་རྣམ་དག་དང་། སྤྱོད་གཙང་། འགན་འཁྲི་འཁུར་ཕོད་པ་བཅས་ཀྱི་ལས་བྱེད་པ་བཟང་པོ་འདེམས་སྤྱོད་བྱེད་དགོས། འཐུས་མི་དང་ཨུ་ཡོན་འདེམས་ཐོན་ལས་དོན་ནན་ཏན་ངང་ཡག་པོ་སྒྲུབ་པ་དང་། གཞི་ཁྱོན་གྱི་གྲུབ་ཆ་ལུགས་མཐུན་ངང་གཏན་འཁེལ། རྩ་འཛུགས་ཀྱི་ཞིབ་བཤེར་གཏན་འབེབས་ཀྱི་འགག་སྒོར་ཤུགས་སྣོན་རྒྱག་པ་བཅས་བྱས་ནས་འོས་མིའི་སྤུས་ཚད་འགན་ལེན་བྱེད་དགོས། ཚོགས་ཆེན་གྱི་འདེམས་བསྐོ་སྒྲིག་འཛུགས་ནན་ཏན་དང་། ཁྲིམས་ལྟར་དང་སྒྲིག་སྲོལ་ལྟར་བྱ་བ་བསྒྲུབ་རྒྱུ་མཐའ་འཁྱོངས། སྐབས་བརྗེའི་སྒྲིག་ཁྲིམས་ནན་དུ་གཏོང་བ། བསམ་བློའི་ཁྲིད་སྟོན་དང་ཉེན་བརྡའི་སློབ་གསོར་ཤུགས་སྣོན་རྒྱག་པ། རྒྱ་ཁྱབ་ངང་སྙིང་གཏམ་ཤོད་པ་དང་གླེང་མོལ་བཅས་བྱས་ཏེ་སྐབས་བརྗེའི་སྤྱོད་བཟང་གཞུང་དྲང་འགན་ལེན་བྱེད་དགོས་ཞེས་མཛུབ་སྟོན་གནང་བ་རེད།