《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2021年07月04日

ཐོན་ལས་འཕེལ་རྒྱས་བཏང་བས་ཡོང་འབབ་མང་དུ་ཕྱིན། འདུ་ཤེས་བསྒྱུར་བས་བསམ་བློའི་གོ་རྟོགས་མཐོ་རུ་ཕྱིན།

ཉེ་བའི་ལོ་ཤས་རིང་དང་ལྷག་པར་དུ་ད་ལྟ་ལག་བསྟར་བྱེད་བཞིན་པའི་ཚད་གཞི་ལྟར་དབུལ་སྒྲོལ་བྱུང་ཚུན། ལྷོ་བྲག་རྫོང་གིས་རྫོང་ཡོངས་ཀྱི་སྟོབས་ཤུགས་བཏོན་ནས་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་བའི་ལས་དོན་ཁག་ཏན་ཏིག་སྤེལ་བ་དང་མི་རིགས་ཁག་གི་མང་ཚོགས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་ཀྱིས་མཉམ་དུ་འབྱོར་འབྲིང་ཕྱོགས་སུ་བསྐྱོད་དེ་བདེ་སྐྱིད་ལྡན་པའི་འཚོ་བ་བཏོད་ཡོད།

ཐོན་ལས་སྟོབས་ཆེར་བཏང་ནས་སྣེ་ཁྲིད་ཀྱི་ནུས་པ་ཆེ་རུ་བཏང་བ།

ཉེ་བའི་ལོ་ཤས་རིང་ལྷོ་བྲག་རྫོང་གིས་དབུལ་སྐྱོར་ཐོན་ལས་རྣམ་གྲངས་ཀྱི་དབུལ་པོ་ཉུང་གཏོང་གི་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས་དབུལ་སྐྱོར་ཐོན་ལས་རྣམ་གྲངས་16ལག་བསྟར་བྱས་པ་དང་། ལས་ཞུགས་བསྡུ་བ་དང་མ་རྐང་ནང་ཞུགས་ནས་ཁེ་སྤོགས་བགོ་འགྲེམས་སོགས་ཀྱི་བྱེད་ཐབས་བརྒྱུད་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་857གྱི་མི་2792སྣེ་ཁྲིད་བྱས་པར་མི་རེར་ལོ་རེར་ཆ་སྙོམས་ཡོང་འབབ་སྒོར་1000ཡན་བྱུང་ཡོད།

དོན་གྲུབ་ཞིང་འབྲོག་པའི་ཨར་ལས་རུ་ཁག་ནི་ལྷོ་བྲག་རྫོང་དུ་ཐོ་འགོད་བྱས་ནས་བཙུགས་པའི་ཞིང་འབྲོག་པའི་ཨར་ལས་རུ་ཁག་དང་པོ་དེ་རེད། 2006ལོར་ཐོ་འགོད་བྱས་ཚུན་ཨར་ལས་རུ་ཁག་དེ་ལྷོ་བྲག་གྲོང་རྡལ་ཚེ་སྨད་སྡེ་ཁུལ་གྱི་མང་ཚོགས་ཚོར་འབབ་འཕར་བརྟན་པོ་ཡོང་བའི་རྟེན་ས་གཙོ་བོ་དེ་ཡིན། “ན་ནིང་ཨར་ལས་རུ་ཁག་ལ་ཡོང་འབབ་ཁེ་གཙང་སྒོར་ཁྲི་800ལྷག་ཙམ་བྱུང་ནས་མང་ཚོགས་དུད་ཚང་རེར་ལོར་ཆ་སྙོམས་འབབ་འཕར་སྒོར་ཁྲི་གསུམ་བཞི་ཡོང་བའི་སྣེ་ཁྲིད་བྱས་ཡོད” མིག་སྔར་སྡེ་ཁུལ་ལ་དུད་ཚང་72དང་མང་ཚོགས་242ཡོད། མི་239ཨར་ལས་རུ་ཁག་གི་མ་རྐང་ནང་ཞུགས་པ་དང་དུད་ཚང་རེར་ཆ་སྙོམས་མ་རྐང་སྒོར་ཁྲི་2.5ཟིན་ཡོད”ཅེས་ཚེ་སྨད་སྡེ་ཁུལ་གྱི་ཏང་ཀྲི་པུའི་ཧྲུའུ་ཅི་ཡོན་ཏན་གྱིས་དགའ་ཚོར་ཆེན་པོས་གསར་འགོད་པར་ངོ་སྤྲོད་བྱས།

མི་25ལས་ཞུགས་ཐུབ་རྒྱུར་སྣེ་ཁྲིད་བྱས་པ་དང་དུས་མཚུངས་ཨར་ལས་རུ་ཁག་དེས་ལོ་ལྟར་རྐང་དངུལ་གྱི་5%སྤྱད་དེ་མང་ཚོགས་ལ་བགོ་འགྲེམས་རྒྱག་གི་ཡོད།

འདི་ལོ་ལོ་68ལ་སླེབས་པའི་སྡེ་ཁུལ་གྱི་མང་ཚོགས་ཀུན་ཚེས་མ་རྐང་སྒོར་ཁྲི་5བཞག་པ་དང་ན་ནིང་ཁེ་སྤོགས་སྒོར་2500བྱུང་ཡོད། “ང་ཚོའི་ནང་མི་ལྔ་པོས་མི་རེས་སྒོར་ཁྲི་རེ་མ་རྐང་ནང་བཞག་ཡོད། མ་རྩ་སྔ་ས་ནས་ལོག་ཟིན། ད་ལྟ་ལོ་ལྟར་གྱི་བགོ་འགྲེམས་དེ་ཡོང་འབབ་ཁེ་གཙང་ཡིན”ཞེས་ཀུན་ཚེས་དགའ་སྤྲོའི་ངང་གསར་འགོད་པར་ངོ་སྤྲོད་བྱས་ནས་བཤད།

གྲོང་ཚོ(སྡེ་ཁུལ)གཞན་དག་གིས་འབབ་འཕར་གྱི་གཏིང་ཤུགས་མི་འདང་བའི་སེམས་ཁྲལ་བྱེད་ཀྱི་ཡོད། ཚེ་སྨད་སྡེ་ཁུལ་གྱི“ཨུ་ལྷན་གཉིས”ཀྱི་སེམས་ཁྲལ་བྱེད་ཡུལ་ནི་ངལ་རྩོལ་ནུས་ཤུགས་མི་འདང་བ་དེ་རེད། ཡོན་ཏན་གྱིས“སྡེ་ཁུལ་གྱི་མི་242ཁྲོད་སློབ་གྲྭར་འགྲོ་མཁན་དང་ངལ་རྩོལ་ནུས་པ་མེད་པ་ཕུད། ངལ་རྩོལ་ནུས་ཤུགས་ལྡན་པའི་མི་70ལྷག་ཙམ་ལས་མེད”ཅེས་བརྗོད།

ཞིང་འབྲོག་པའི་ཨར་ལས་རུ་ཁག་བཙུགས་པ་ཕུད། ཚེ་སྨད་སྡེ་ཁུལ་གྱིས་ད་དུང་བོད་བྱ་གསོ་ཚགས་ཆེད་ལས་མཉམ་ལས་ཁང་དང་། འཇའ་ཚོན་སྔོ་ཚལ་འདེབས་འཛུགས་རྟེན་གཞི། ཞིང་ལས་མཉམ་ལས་རྩ་འཛུགས། འབྲོག་ལས་མཉམ་ལས་རྩ་འཛུགས། འབྲོག་ལས་ཐོན་རྫས་བྲིན་ཚོང་རྩ་འཛུགས། ཕྱིར་ལས་མི་བྱེད་པར་སྐྱོད་མཁན་རྩ་འཛུགས་བཅས་བཙུགས་ནས“ལྟེ་བར་དམིགས་ཏེ་ཏང་འཛུགས་སྐྱོང་ལ་དམ་འཛིན་དང་། ཏང་འཛུགས་སྐྱོང་ལ་དམ་འཛིན་བྱས་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི”གཞི་རིམ་རྩ་འཛུགས་འཛུགས་སྐྱོང་གི་ལམ་བུ་གསར་པ་ཞིག་བཏོད་པས་སྡེ་ཁུལ་དེ་ལྷོ་ཁ་གྲོང་ཁྱེར་གྱིས“སྐར་བཅུའི་དཔེ་སྟོན་གྲོང་ཚོར”བདམས་པ་དང་།

(པར་ངོས་བཞི་པར་གཟིགས)

(པར་ངོས་དང་པོར་མཐུད) “རྒྱལ་ཡོངས་ཀྱི་སྔོན་ཐོན་གཞི་རིམ་ཏང་རྩ་འཛུགས”ཀྱི་གཟི་བརྗིད་མཚན་སྙན་ཐོབ་ཡོད།

ལས་ཞུགས་བརྟན་དུ་བཏང་ནས་མང་ཚོགས་ཀྱི་ཡོང་འབབ་མང་དུ་བཏང་བ།

ཉེ་བའི་ལོ་ཤས་རིང་ལྷོ་བྲག་རྫོང་གིས་ལྗོངས་ཏང་ཨུད་དང་ལྷོ་ཁ་གྲོང་ཨུད་ཀྱིས་གཏན་འབེབས་བྱས་པའི་ལས་ཞུགས་ལས་གཏོད་ཀྱི་གཟིགས་སྐྱོང་སྲིད་ཇུས་རབ་དང་རིམ་པ་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ་དམངས་གཉེར་ཁེ་ལས་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་རྒྱུར་རོགས་རམ་དང་ཞིང་འབྲོག་མང་ཚོགས་ཀྱི་འབབ་འཕར་ལ་སྐུལ་འདེད་བཏང་ཡོད།

ལྷོ་བྲག་རྫོང་དབང་པོ་སྐྱོན་ཅན་གསོ་སྦྱོང་ཚད་ཡོད་ཀུང་སི་ནི་དབུལ་སྒྲོལ་འགག་སྒྲོལ་དང་བསྟུན་ནས་འཕེལ་རྒྱས་བྱུང་བའི་དམངས་གཉེར་ཁེ་ལས་ཤིག་རེད། ཀུང་སི་དེ་ནི་2016ལོར་ལྷོ་བྲག་གྲོང་རྡལ་སྒྱིད་སྟོད་སྡེ་ཁུལ་གྱི་ཕྱུག་འགྱུར་སྣེ་ཁྲིད་པ་ཨོ་རྒྱན་རྡོ་རྗེས་བཙུགས་པ་ཞིག་རེད།

མིག་སྔར་ཀུང་སི་དེས་དབང་པོ་སྐྱོན་ཅན་23ལས་ཞུགས་ཐུབ་པར་བྱས་ཡོད།

ཀུང་སི་དེ་སྔར་བས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་ཆེད། འདི་ལོའི་ཟླ་4པར་ས་གནས་དེ་གའི་ཏང་ཨུད་དང་སྲིད་གཞུང་གི་རོགས་རམ་འོག་ཀུང་སི་དེ་དང་ས་གནས་དེ་གའི་དམངས་གཉེར་ཁེ་ལས་ཤིག་མཉམ་འདྲེས་བྱས་ཡོད། “དར་རྒྱས་བོད་བཟོའི་ཁྱིམ་ཆས་ཆེད་ལས་མཉམ་ལས་ཁང་དང་མཉམ་ལས་བྱས་རྗེས། རང་ཉིད་ཀུང་སིའི་འགན་འཁུར་བ་ནས་ལག་རྩལ་གྱི་བློ་འདྲི་བར་གྱུར་སོང”ཞེས་ཨོ་རྒྱན་རྡོ་རྗེས་བཤད། ཁོང་གིས“ད་ཆ་ངའི་ལས་གནས་ལ་འགྱུར་ལྡོག་བྱུང་བ་མ་ཟད། ཟླ་རེའི་གླ་ཆ་ཡང་དེ་སྔའི་སྒོར་3500ནས་སྒོར་7000བར་འཕར་སོང”ཞེས་བརྗོད།

ལས་ཞུགས་བརྟན་པོ་བྱུང་ན་མང་ཚོགས་ལ་ཡོང་འབབ་འཕར་བའི་རེ་བ་ཡོད། ལས་ཞུགས་བརྟན་པོ་བྱུང་བ་བརྒྱུད་ལྷོ་བྲག་རྫོང་ལ་དམངས་འཚོ་བརྟན་པོ་དང་འཕེལ་རྒྱས་བརྟན་པོ་བྱུང་ཡོད། ན་ནིང་རྫོང་དེས་མི་6529ངལ་ནུས་ཕྱིར་གཏོང་བྱས་པའི་ནང་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་གི་མི་1208ཡོད། ངལ་ནུས་ཡོང་འབབ་སྒོར་ཁྲི་7601.01ཟིན་པ་དང་མི་རེར་ཆ་སྙོམས་ཡོང་འབབ་སྒོར་11658ཟིན་ཡོད།

འགྱུར་ལྡོག་ལ་སྐུལ་འདེད་ཀྱིས་འཕེལ་རྒྱས་ཀྱི་སྒུལ་ཤུགས་ཆེ་རུ་བཏང་བ།

“ཡོང་འབབ་མང་དུ་གཏོང་དགོས་ལ་བསམ་བློ་ཡང་ཕུན་སུམ་ཚོགས་སུ་གཏོང་དགོས” ཕྱོགས་གཅིག་ནས་དཔལ་འབྱོར་འཕེལ་རྒྱས་ལ་དམ་འཛིན་དང་ཕྱོགས་གཞན་ཞིག་ནས་བསམ་བློ་འཛུགས་སྐྱོང་ལ་དམ་འཛིན་བྱ་རྒྱུ་དེ་ལྷོ་བྲག་རྫོང་གི་དབུལ་སྒྲོལ་འགག་སྒྲོལ་ལས་དོན་གྱི་བཀྲག་མདངས་འཚེར་ས་ཞིག་རེད།

མཐའ་མཚམས་འབྱོར་འབྲིང་གྲོང་ཚོ་འཛུགས་སྐྲུན་གྱི་སྲིད་ཇུས་བཟང་པོའི་དྲིན་གྱིས། མིག་སྔར་ལྷ་ཁང་གྲོང་རྡལ་གྱི་མང་ཚོགས་དུད་ཚང་563ཁྲོད་ཀྱི་དུད་ཚང་185“འབྱོར་འབྲིང་ཁང་པའི”ནང་སྡོད་རྒྱུ་བྱུང་ཡོད། ལྷ་ཁང་གྲོང་རྡལ་གྱི་ཀྲེན་ཀྲང་གཞོན་པ་ཟླ་བ་ཡིས“མང་ཚོགས་སྐུལ་སློང་བྱས་ནས་ཁང་པ་རྙིང་པ་བཤིག་པ་དང‘འབྱོར་འབྲིང་ཁང་པ’བསྐྲུན་པ་དང་ཆབས་ཅིག་ང་ཚོས་ཀྱང་མང་ཚོགས་ལ‘སྒུག་རྟེན་སློང་’གསུམ་གྱི་བསམ་བློར་འགྱུར་ལྡོག་གཏོང་བ་དང་རང་ཉིད་ཀྱི་ལག་པ་འགུལ་ནས་ལས་བརྩོན་ཕྱུག་འགྱུར་ཡོང་བར་བྱེད་དགོས་པའི་སློབ་གསོ་རྒྱག་གི་ཡོད”ཅེས་བཤད།

འདི་ལོ་ལོ་68ལ་སླེབས་པའི་ལྷ་ཁང་གྲོང་རྡལ་ལྷ་ཁང་སྡེ་ཁུལ་གྱི་མང་ཚོགས་ཚེ་དབང་སྟོབས་རྒྱལ་སྨི་ངོས་གྲུ་320ཟིན་པའི་བོད་བཟོའི་སྒོ་ར་རང་སྒྲིག་གི་ཁང་པར་སྡོད་རྒྱུ་བྱུང་ཡོད། ཁོང་གིས“ང་ཚོ་ད་ལྟ་སྔོན་ཆད་བསམ་བློ་ཡང་གཏོང་མི་ཕོད་པའི་ཁང་པ་ཆེན་པོ་དེ་ལྟ་བུའི་ནང་སྡོད་རྒྱུ་བྱུང”ཞེས་བཤད།

ཚེ་དབང་སྟོབས་རྒྱལ་གྱི“འབྱོར་འབྲིང་ཁང་པར”ཁྱོན་ཁང་མིག་11ཡོད་པ་དང་། སྡེ་ཁུལ་གྱི་ལས་བྱེད་པའི་སྐུལ་སློང་འོག་ཁོང་གིས་ཁང་མིག་6སྤྱད་དེ་ཁྱིམ་ཚང་མགྲོན་ཁང་གཉེར་རྩིས་བྱེད་ཀྱི་ཡོད་པ་རེད།

སྲིད་ཇུས་ཡག་པོ་དོན་འཁྱོལ་བྱུང་ན་གཞི་ནས་དམངས་ལ་ཕན་པ་འདོགས་ཐུབ། མཐའ་མཚམས་འབྱོར་འབྲིང་གྲོང་ཚོ་འཛུགས་སྐྲུན་དང་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་བའི་ལས་དོན་སྤེལ་ཚུན། ལྷོ་བྲག་རྫོང་གི་རིམ་པ་ཁག་དང་སྡེ་ཚན་ཁག་དང་ལྷག་པར་དུ་ཤང་གྲོང་རྡལ་དང་། གྲོང་ཚོའི(གྲོང་ལྷན)ལས་བྱེད་པས་གཅིག་སྡུད་སྒྲོག་འགྲེལ་དང་དུད་ཚང་དུ་བསྐྱོད་ནས་སྒྲོག་འགྲེལ་ཟུང་འབྲེལ་མཐའ་འཁྱོངས་ཀྱིས་ཏང་གི་དམངས་ཕན་སྲིད་ཇུས་མང་ཚོགས་ལ་གསལ་པོར་བཤད་ནས་མང་ཚོགས་ཚོར་ལས་ལ་བརྩོན་པའི་ལག་གཉིས་ལ་བརྟེན་ནས་མཛེས་སྡུག་ལྡན་པའི་འཚོ་བ་གཏོད་རྒྱུར་ལྕག་སྐུལ་བྱས་ཡོད།

ལྷ་ཁང་སྡེ་ཁུལ་གྲོང་ལྷན་གྱི་ཀྲུའུ་རེན་བཀྲ་ཤིས་བསྟན་འཛིན་གྱིས་ངོ་སྤྲོད་བྱས་པར་གཞིགས་ན། སྐུལ་སློང་བྱས་པ་བརྒྱུད་སྡེ་ཁུལ་དེའི་མང་ཚོགས་དུད་ཚང་22ཀྱིས་ཁྱིམ་ཚང་མགྲོན་ཁང་གཉེར་རྒྱུའི་མིང་ཐོ་བཀོད་ཡོད། ཁོང་གིས“ད་ཆ་ད་དུང་མི་མང་པོ་ཞིག་གིས་མིང་ཐོ་འགོད་འདོད་བྱེད་ཀྱི་འདུག ང་ཚོས་ཁོ་ཚོར་སྔོན་ལ་སྒུག་ཏུ་བཅུག་སྟེ་ཁྱིམ་དུད་20ལྷག་ཙམ་ལ་གྲུབ་འབྲས་ཐོབ་པ་དང་ཉམས་མྱོང་ཐོབ་རྗེས་སྔར་ལས་ལྷག་པའི་སྒོ་ནས་ཁྱབ་སྤེལ་གཏོང་དགོས་ཞེས་བཤད་པ་ཡིན། ཁྱིམ་ཚང་མགྲོན་ཁང་གཉེར་བའི་ལས་དོན་ཏན་ཏིག་བྱུང་ཚེ། ཕན་འབྲས་དེ་བས་མངོན་གསལ་དོད་པ་དང་གྲུབ་འབྲས་དེ་བས་ཆེ་བ་ཐོབ་ཐུབ”ཅེས་བཤད།