《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2021年07月04日

རེན་ཁྲང་ཞ།

རང་འགན་ཐེག་པ་ཁུར་ལེན་གྱིས། དམངས་ཆེད་ཁྲིམས་སྐྱོང་ནན་པོ་བྱས།

འདི་ནི་རེན་ཁྲང་ཞ་ཡི་འདྲ་པར་ཡིན་པ། (དཔྱད་གཞིའི་པར་རིས)

མི་དམངས་ཉིན་རེའི་ཚགས་པར་གྱི་གསར་འགོད་པ། ཀྲུའུ་ཕེ་ཞན།

རེན་ཁྲང་ཞ་ནི་1964ལོའི་ཟླ་2ཚེས་8ཉིན་ཧོ་ནན་ཀྲེང་ཀྲོའུ་ཡི་བཟོ་པའི་ཁྱིམ་ཚང་ཞིག་ཏུ་འཁྲུངས། 1983ལོར་ཉེན་རྟོག་སློབ་གྲྭ་ནས་མཐར་ཕྱིན་རྗེས་ཀྲེང་ཀྲོའུ་གྲོང་ཁྱེར་སྤྱི་བདེ་ཅུས་ཀྲུང་ཡོན་ཡན་ལག་ཅུས་སུ་ལས་བགོས་བརྒྱབ་ནས་རིམ་བཞིན་གྱོད་དོན་ཞིབ་གཅོད་ལས་ལ་འཇོན་པོ་ཞིག་ཏུ་གྱུར། 1998ལོར་ཀྲེང་ཀྲོའུ་གྲོང་ཁྱེར་སྤྱི་བདེ་ཅུས་ལག་རྩལ་མྱུལ་ཞིབ་ཉིང་ལག་རུ་ཁག་གི་ཉིང་ལག་རུ་དཔོན་ལ་བསྐོས་རྗེས་རེན་ཁྲང་ཞ་ཡིས་ཉེན་ཁ་ཆེ་སར་ཐེངས་མང་སྐྱ་ཆས་སྤྲས་ནས་མྱུལ་ཞིབ་ལ་བསྐྱོད་དེ་སྔ་རྗེས་སུ་ནག་འབྲེལ་ཚོགས་པ་བདུན་གཏོར་ནས་ཉེས་གསོག་དོགས་ཅན་370ལྷག་ཙམ་འཛིན་བཟུང་བྱས་པས“བུད་མེད་ཉེན་རྟོག་འཇོན་པོ”ཞེས་འབོད་ཀྱི་ཡོད།

2001ལོའི་ཟླ་4པར། རེན་ཁྲང་ཞ་ཡིས་ཏེང་ཧྥེང་གྲོང་ཁྱེར་སྤྱི་བདེ་ཅུས་ཀྱི་ཏང་ཨུད་ཧྲུའུ་ཅི་དང་ཅུས་ཀྲང་གི་འགན་བཞེས། ཏེང་ཧྥེང་གྲོང་ཁྱེར་སྤྱི་བདེ་ཅུས་ཀྱི་ཅུས་ཀྲང་ལོ་གསུམ་བྱེད་རིང་ཁོང་གིས་ཐོག་མཐའ་བར་གསུམ་དུ་མི་དམངས་མང་ཚོགས་ཀྱི་དཀའ་སྡུག་དང་བདེ་སྡུག་སེམས་ལ་བཞག་ནས་ལོ་10ལྷག་ཙམ་རིང་གྱོད་ཐག་གཅོད་རྒྱུར་ལུས་པའི་གྱོད་གཞི་ཐག་གཅོད་བྱས་པར་ཁྱོན་གྱོད་གཞི་3000ལྷག་ཙམ་རྩད་ཆོད་པ་དང་། རིགས་ཁག་གི་ཉེས་གསོག་4000ལྷག་ཙམ་འཛིན་བཟུང་བྱས་པ་རེད།

ལས་གནས་འཁུར་མ་ཐག་པའི་དུས་སུ་དཔུང་ཁག་ནུས་མེད་ཟབ་ཟོབ་དང་ལས་རིགས་ཀྱི་སྤྱོད་ཚུལ་ལ་དཔྱད་ཞིབ་བྱེད་སྐབས་ལོ་ལྟར་མཇུག་ཤོས་ཡིན་པའི་གནས་ཚུལ་ལ་དམིགས་ནས། རེན་ཁྲང་ཞ་ཡིས་གཞི་རིམ་དུ་བརྟག་དཔྱད་མཐིལ་རྟོགས་བྱས་ཏེ་ཤང་གྲོང་དང་ཆུས་ཀྱི་མངགས་གཏོང་ཁང་17དུ་བསྐྱོད་ནས་གནད་འགག་བཙལ་བ་རེད། ཉེན་རྟོག་པ་བཅོས་སྐྱོང་ནན་པོ་བྱས་ཏེ་དུས་ཡུན་རིང་པོ་ལས་ཀར་མི་འགྲོ་བ་དང་། ལས་བྱོལ་བྱེད་པ། ཕྱི་འབྱོར་བྱེད་པ། ཁྲིམས་འགལ་སྒྲིག་འགལ་གྱི་བྱེད་སྤྱོད་ནང་ཞུགས་པ་བཅས་ཀྱི་མི་དམངས་ཉེན་རྟོག་པ་15སྒྲིག་ཁོངས་ནས་ཕུད་པ་དང་གླ་ཁོངས་ནས་ཕུད་དེ་ཕུང་འདྲེ་གཙང་སེལ་བྱས་ཡོད།

2001ལོའི་ཟླ་5་ཚེས་3ཉིན། ཏེང་ཧྥེང་གྲོང་ཁྱེར་ཏ་ཡེ་གྲོང་རྡལ་ཞི་ཧྲི་གྲོང་ཚོའི་རྡོ་སོལ་གཏེར་ཁུལ་དུ་སོལ་རླངས་འབར་གས་ཀྱི་དོན་རྐྱེན་ཚབས་ཆེན་ཐོན་ཏེ་བཟོ་པ་13རྐྱེན་ལམ་དུ་ཤོར་བ་རེད། རེན་ཁྲང་ཞ་ཡིས་ལས་འཛོལ་དེ་ཐག་གཅོད་བྱེད་རིང་། ལོ་11ལ་སླེབས་པའི་བུ་མོ་ལིའུ་ཁྲུན་ཡུས་ཀྱི་ཕ་རྐྱེན་ལམ་དུ་ཤོར་བ་དང་ཨ་མ་ཡང་སྙིང་ནད་ཕོག་ནས་གྲོངས་པའི་གནས་ཚུལ་ཤེས་སྐབས་ཐེ་ཚོམ་སྤུ་ཙམ་ཡང་མེད་པར་ཁྲུན་ཡུས་ཀྱི་འཚོ་བ་དང་སློབ་སྦྱོང་གི་འགྲོ་གྲོན་ཚང་མ་གཏོང་རྒྱུའི་འགན་འཁུར་བ་རེད།

2004ལོའི་ཟླ་4ཚེས་14ཉིན་གྱི་དགོང་མོར། རེན་ཁྲང་ཞ་གྱོད་དོན་རྩད་གཅོད་ཀྱི་ལམ་བར་དུ་འཁོར་འཛོལ་བྱུང་ནས་སྟབས་མི་ལེགས་པར་གཞུང་དོན་དུ་རང་སྲོག་ཤོར་ཞིང་། ཏེང་ཧྥེང་གི་མི་དམངས་ཁྲི་20ལྷག་ཙམ་གྱིས་རང་འགུལ་ངང་མྱ་ངན་ཞུ་བར་ཡོང་བ་རེད།

རེན་ཁྲང་ཞ་ཡིས་མི་སྒེར་གྱི་བྱས་རྗེས་རིམ་པ་དང་པོ་དང་རིམ་པ་གཉིས་པ་སོ་སོར་ཐེངས་རེ་བཞག་པ་དང་། བྱས་རྗེས་རིམ་པ་གསུམ་པ་ཐེངས་4བཞག་ཅིང་། “འབད་འཐབ་པ་ཡག་ཤོས”དང“རྒྱལ་ཡོངས་ཀྱི་ལྔ་གཅིག་ངལ་རྩོལ་གཟེངས་རྟགས”“ཀྲུང་གོའི་བུད་མེད་དཔའ་བོ་བཅུ”“རྒྱལ་ཡོངས་སྤྱི་བདེ་ཁོངས་གཏོགས་ཀྱི་རིམ་པ་དང་པོའི་དཔའ་བོ་དཔེ་བཟང”བཅས་ཀྱི་མཚན་སྙན་ཐོབ་པ་རེད། 2009ལོར“ཀྲུང་གོ་གསར་པ་དབུ་བརྙེས་ཚུན་ཀྲུང་གོར་སེམས་འགུལ་ཐེབས་པའི་མི་སྣ་100”ཡི་གྲས་སུ་བདམས་པ་རེད།