《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2021年06月21日

ཡན་ཅིན་ཧའེ་ལྷུན་གྲུབ་རྫོང་དུ་བརྟག་ཞིབ་གནང་བར་ཕེབས་པ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་6ཚེས་18ཉིན་གནས་ཚུལ་འབྱོར་གསལ། ལྗོངས་ཏང་ཨུད་ཀྱི་ལས་དོན་བཀོད་སྒྲིག་དང་ཧྲུའུ་ཅི་ཝུའུ་དབྱིང་ཅེ་དང་ཀྲུའུ་ཞི་ཆེ་དགྲ་ལྷའི་མཛུབ་སྟོན་བླང་བྱ་གཞིར་བཟུང་། ཚེས་17ཉིན། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་ལྷ་ས་གྲོང་ཨུད་ཀྱི་ཧྲུའུ་ཅི་ཡན་ཅིན་ཧའེ་ལྷུན་གྲུབ་རྫོང་སྐལ་བཟང་ཐང་དེང་རབས་ཞིང་འབྲོག་ཐོན་ལས་དཔེ་སྟོན་གླིང་དུ་ཕེབས་ཏེ། ཞིང་འབྲོག་ལས་འཕེལ་རྒྱས་འགྲོ་ཚུལ་རྟོག་ཞིབ་གནང་བ་མ་ཟད། ལྷུན་གྲུབ་ཞིང་རའི་གནས་ཡུལ་རྙིང་པར་ཕེབས་ནས་ཏང་གཤིས་སློབ་གསོ་དང་ལེན་དང་ལས་དོན་སྤེལ་ཚུལ་ལ་མཛུབ་ཁྲིད་ཀྱང་གནང་བ་རེད།

(པར་ངོས་བཞི་པར་གཟིགས)

(པར་ངོས་དང་པོར་མཐུད)

ལྷུན་གྲུབ་རྫོང་གསུམ་འཕྲེང་ཤང་དུ་ཡོད་པའི་སྐལ་བཟང་ཐང་དེང་རབས་ཞིང་འབྲོག་ཐོན་ལས་དཔེ་སྟོན་གླིང་དེ་ཤར་ཁུལ་དང་ནུབ་ཁུལ་གཉིས་སུ་ཕྱེ་ཡོད། ཤར་ཁུལ་ནི་འབྲི་གཡག་གསོ་སྤེལ་རྟེན་གཞི་ཡིན་པ་དང་། ནུབ་ཁུལ་དུ་གཙོ་བོ་བཞོན་མ་གསོ་ཚགས་དང་། འབྲི་གཡག་སྡོམ་གསོ། གཟན་རྩྭ་དང་གཟན་ཆག་ལས་སྣོན་བཅས་བྱེད་ཀྱི་ཡོད། ཡན་ཅིན་ཧའེ་དཔེ་སྟོན་གླིང་དུ་ཕེབས་ཏེ་གཟན་རྩྭ་དང་གཟན་ཆག་ལས་སྣོན་དང་འབྲི་གཡག་གསོ་སྤེལ་སོགས་ཀྱི་གནས་ཚུལ་ལ་གཟིགས་ཞིབ་གནང་བ་རེད། “ལག་ཡོད་མགོ་གྲངས་ཇི་ཙམ་ཡོད་དམ། ཆ་སྙོམས་བྱས་ན་ལོ་ག་ཚོད་ནང་བཤས་གཏོང་རྒྱུ་འདུག་གམ། གསོ་སྤེལ་གྱི་མ་གནས་ཇི་ཙམ་ཟིན་ནམ། ཕན་འབྲས་གང་འདྲ་འདུག་གམ”ཅེས་ཡན་ཅིན་ཧའེ་ཡིས་བཀའ་འདྲི་ཞིབ་ཕྲ་གནང་བ་རེད། ལས་དོན་མི་སྣས་ངོ་སྤྲོད་ཞུས་པ་གསན་རྗེས་ཡན་ཅིན་ཧའེ་ཡིས་དཔལ་འབྱོར་གྱི་ཕན་འབྲས་ཆེ་རུ་གཏོང་རྒྱུར་དམིགས་ཏེ་ཕྱུགས་རྩ་དང་། སྐྱེལ་འདྲེན། བཤས་གཏོང་སོགས་ཐོན་སྐྱེད་སྦྲེལ་ཐག་གི་ལྷུ་ཚིགས་ཚང་མའི་དཔལ་འབྱོར་གྱི་རྩིས་ཡག་པོ་རྒྱག་པ་དང་། ཁྲོམ་རར་མཁོ་ཚད་ཕྱོགས་ཡོངས་ནས་ཁོང་དུ་ཆུད་པ་དང་ཚན་རིག་དང་མཐུན་པའི་སྒོ་ནས་དབྱེ་ཞིབ་བྱེད་པ། ཞིབ་ཚགས་ཅན་དང་ཚན་རིག་ཅན་གྱི་སྒོ་ནས་དོ་དམ་བཅས་བྱས་ནས་ཁེ་སྤོགས་གཏོད་ནུས་ཆེ་རུ་དང་རང་བརྟེན་ཐོན་སྐྱེད་བྱེད་དགོས། རྒྱ་ཆེའི་ཞིང་ལས་ཚན་རྩལ་མི་སྣས་དངོས་སྒྲུབ་ཀྱི་སྙིང་སྟོབས་དར་སྤེལ་བཏང་སྟེ། ཚན་ཞིབ་ཀྱི་གྲུབ་འབྲས་ལག་ལེན་ཁྲོད་སྤྱོད་པ་དང་ཚན་ཞིབ་ཀྱི་དཔྱད་རྩོམ་གངས་ལྗོངས་ས་མཐོར་དེ་བས་མང་པོ་བརྩམས་ནས་ས་མཐོའི་ཞིང་འབྲོག་ཐོན་ལས་འཕེལ་རྒྱས་ཡོང་ཆེད་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་དགོས་པའི་ནན་བཤད་གནང་བ་རེད།

བྱང་ཁ་གྲོང་ཚོར་ཡོད་པའི་ལྷུན་གྲུབ་ཞིང་རའི་གནས་ཡུལ་རྙིང་པ་ནི་ལྷ་སའི་ཏང་ཡོན་གྱི་ཏང་གཤིས་སློབ་གསོའི་རྟེན་གཞི་གལ་ཆེན་ཞིག་རེད། དེ་གར་ཕེབས་མ་ཐག་ཡན་ཅིན་ཧའེ་ཡིས་ཕེབས་ཀྱིན་ཕེབས་ཀྱིན་གཟིགས་ཞིབ་གནང་བ་དང་སྐབས་འགར་ཕེབས་མཚམས་བཞག་སྟེ《ལང་ཚོའི་དཔལ་འབར། ས་མཐོའི་གླུ་དབྱངས》ཞེས་པའི་འགྲེམས་སྟོན་ལ་གཟིགས་པ་དང་། 《ས་མཐོའི་ཏ་ཀྲའེ་མེ་ཏོག》དང《དཔྱིད་ཀྱི་དཔལ་ལ་རོལ》ཞེས་པའི་བརྙན་ལམ་པར་གཞི་ཐུང་གྲས་ལ་གཟིགས་པ་རེད། པར་རིས་རེ་རེ་དང་། དངོས་རྫས་རེ་རེ། སྐྲུན་དངོས་སྟར་པ་རེ་རེ། གཏམ་རྒྱུད་རེ་རེ། གནས་ཚུལ་རེ་རེ་བཅས་ལས་དུས་རབས་དེར་མཐུན་སྒྲིལ་ཁྱིམ་ཚང་གཅིག་ལྟར་བརྩེ་བ་དང་། ཕྱར་བ་གྲུ་འདེགས། ལང་ཚོ་ཆུད་ཟོས་སུ་མི་གཏོང་བ། འབད་འབུངས་མདུན་སྐྱོད་བཅས་ཀྱི་མི་སེམས་འགུལ་བའི་རྣམ་པ་སླར་ཡང་མངོན་ཡོད།

(བསྟན་བཟང་གིས་བསྒྱུར། སྤེན་ཚེས་ཞུས)