《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2021年06月21日

ཀྲུང་དབྱང་དྲིལ་བསྒྲགས་པུས་རྒྱལ་ཡོངས་ཀྱི་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོ་དཔེ་སྟོན་རྟེན་གཞི་ཁག་གཅིག་ལ་གསར་དུ་མིང་བཏགས་པ།

རང་ལྗོངས་ཀྱི་ཚན་པ་5བདམས་ཐོན་བྱུང་བ།

ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་6ཚེས་19ཉིན་གློག་འཕྲིན་འབྱོར་པ་གཞིར་བཟུང་། ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་100འཁོར་བར་རྟེན་འབྲེལ་ཞུ་བའི་མཚམས་སུ། ཀྲུང་དབྱང་དྲིལ་བསྒྲགས་པུས་རྒྱལ་ཡོངས་ཀྱི་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོ་དཔེ་སྟོན་རྟེན་གཞི་111ལ་གསར་དུ་མིང་བཏགས་པ་རེད། རང་ལྗོངས་ཀྱི་བོད་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་ཐོབ་པའི་དྲན་གསོ་ཁང་དང་། ཆབ་མདོ་གྲོང་ཁྱེར་གསར་བརྗེའི་ལོ་རྒྱུས་རྟེན་རྫས་བཤམས་མཛོད་ཁང་། འཇོ་མདའ་རྫོང་སྐམ་ཐོག་གི་དམག་སྡེ་བཅོ་བརྒྱད་པའི་དམག་སྒར་གྱི་གནས་ཡུལ་རྙིང་པ། རྒྱལ་ཡོངས་བོད་སྐྱོར་འགྲེམས་སྟོན་ཁང་། ཆིང་སྲིད་གཞུང་གི་བོད་སྡོད་ཨམ་བན་ཡ་མོན་གྱི་གནའ་ཤུལ་རྙིང་པའི་འགྲེམས་སྟོན་ཁང་བཅས་བདམས་ཐོན་བྱུང་ཡོད་པ་རེད། མིང་འདོགས་པའི་ལས་དོན་སྤེལ་རིང་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་དང“ལོ་རྒྱུས་བཞིའི”དྲིལ་བསྒྲགས་སློབ་གསོ་དང་ཟུང་འབྲེལ་དམ་ཟབ་བྱས་ཏེ། ལོ་བརྒྱའི་ཏང་གི་ལོ་རྒྱུས་ཐོག་གི་བྱ་བ་གལ་ཆེན་དང་། ས་གནས་གལ་ཆེན། མི་སྣ་གལ་ཆེན་བཅས་མངོན་གསལ་དོད་པོ་ཡོང་བ་བྱས་པ་དང་། དེ་བཞིན་ཀྲུང་གོ་གསར་པ་དང་ལྷག་པར་དུ་དུས་རབས་གསར་པའི་རྒྱལ་ཁབ་ཆེན་པོའི་ཐོན་རྫས་གཙོ་བོ་དང་འཛུགས་སྐྲུན་གྱི་གྲུབ་འབྲས་མངོན་གསལ་དོད་པོ་ཡོང་བ་བྱས་ཡོད། ད་རེས་ཀྱི་མིང་བཏགས་རྗེས་རྒྱལ་ཡོངས་ཀྱི་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོ་དཔེ་སྟོན་རྟེན་གཞི་ཁྱོན་བསྡོམས་585ཟིན་ཡོད།

ཀྲུང་དབྱང་དྲིལ་བསྒྲགས་པུས་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་100འཁོར་བར་རྟེན་འབྲེལ་ཞུ་བ་དང་། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ། “ལོ་རྒྱུས་བཞི”དྲིལ་བསྒྲགས་སློབ་གསོ་སོགས་བྱེད་སྒོ་གལ་ཆེན་ཁྲོད་ཀྱི་རྒྱལ་ཡོངས་ཀྱི་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོ་དཔེ་སྟོན་རྟེན་གཞིའི་ནུས་པ་འདོན་སྤེལ་སྔར་ལས་ལྷག་པ་བྱས་ཏེ། འགྲེམས་སྟོན་སྒྲིག་གཤོམ་བྱེད་སྟངས་ལེགས་སུ་གཏོང་བ་དང་ལྟ་སྐོར་བྱེད་ལམ་ལེགས་སྒྲིག་བྱེད་པ་དང་། དྲིལ་བསྒྲགས་སློབ་གསོའི་ནུས་པ་འདོན་སྤེལ་སྔར་ལས་ལྷག་པ་བྱས་ཏེ། ཀྲུང་གོའི་གཏམ་རྒྱུད་ཡག་པོ་ཤོད་པ་དང་། ཀྲུང་གོ་གུང་ཁྲན་ཏང་གི་གཏམ་རྒྱུད་ཡག་པོ་ཤོད་པ། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་གཏམ་རྒྱུད་ཡག་པོ་ཤོད་པ། རྒྱ་ཆེའི་ཏང་ཡོན་དང་། ལས་བྱེད་པ། མང་ཚོགས་སྤྱི་དང་ལྷག་པར་དུ་གཞོན་ནུ་ལོ་ཆུང་རྣམས་ལ་ལྕག་སྐུལ་དང་སྐུལ་སློང་བྱས་ཏེ། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་སྔར་བས་མཐུན་སྒྲིལ་དམ་ཟབ་བཅས་བྱས་ནས་མུ་མཐུད་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པ་དང་། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་རྒྱལ་ཁ་ལེན་པ། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་ཡོང་བ་བྱེད་པ་བཅས་ཀྱི་ཆེད་དུ་འབད་འཐབ་བྱེད་དགོས་པའི་བླང་བྱ་བཏོན་ཡོད།

(སྤེན་ཚེས་བསྒྱུར། སྤེན་ཚེ་དང་བསྟན་བཟང་གིས་ཞུས)