《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2021年06月19日

ཚན་རྩལ་གྱིས་ཞིང་འབྲོག་ལས་ལ་ལེགས་སྐྱེས་འབུལ་ཚད་ཟམ་མི་ཆད་པར་ཆེ་རུ་ཕྱིན་པ།

ནས་ཀྱི་སོན་བཟང་ཁྱབ་ཚད་90%ཟིན་པ།

ཤིན་ཧྭ་གསར་འགྱུར་ཁང་ལྷ་ས་ནས་གློག་འཕྲིན་འབྱོར་པ་གཞིར་བཟུང་། བོད་རང་སྐྱོང་ལྗོངས་ཞིང་ལས་དང་གྲོང་གསེབ་ཐིང་གི་གྲངས་གཞི་ལས་མངོན་པར། 2020ལོར་བོད་ཀྱི་ནས་ཀྱི་སོན་བཟང་ཁྱབ་ཚད་90%ཟིན་པ་དང་། ཁྱིམ་བྱ་དང་ཕྱུགས་རིགས་ཀྱི་རྒྱུད་བཟང་ཁྱབ་ཚད་30%ཟིན་པ། ཚན་རྩལ་གྱིས་ཞིང་འབྲོག་ལས་འཕེལ་རྒྱས་ལ་ལེགས་སྐྱེས་འབུལ་ཚད་55.9%ཟིན་པ་བཅས་རེད། “ལོ་ལྔ་ཚན་བཅུ་གསུམ་པའི”རིང་བོད་ཀྱིས་ལོར་ཆ་སྙོམས་ནས་ཀྱི་སོན་བཟང་གསོ་སྤེལ་རྟེན་གཞི་མུའུ་ཁྲི་16ཙམ་བཀོད་སྒྲིག་བྱས་པ་དང་། རྒྱུད་པ་ལེགས་བཅོས་བྱས་པའི་བཞོན་མ་མགོ་གྲངས་ཁྲི་15ལྷག་ཙམ་ཟིན་པ། རྒྱུད་བཟང་ལུག་ཐུག་ཁྲི་1.7དང་འབྲི་གཡག་མགོ་གྲངས་5000ཁྱབ་གདལ་བཏང་བས་ཞིང་འབྲོག་ཐོན་ལས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་གྲུབ་འབྲས་དགའ་འོས་པ་ཞིག་ཐོབ་ཡོད།

ངོ་སྤྲོད་བྱས་པར་གཞིགས་ན། ཉེ་བའི་ལོ་ཤས་རིང་བོད་ཀྱིས་ཞིང་འབྲོག་ལས་ཚན་རྩལ་གསར་གཏོད་བྱེད་ཤུགས་ཟམ་མི་ཆད་པར་ཆེ་རུ་བཏང་སྟེ་ནས་དང་། འབྲི་གཡག བོད་བྱ་སོགས་ཀྱི་སོན་བཟང་འདེམས་གསོ་དང་སོན་བཟང་གསོ་སྤེལ་མགྱོགས་མྱུར་ཁྱབ་གདལ་བཏང་བ་དང་། འབྲུ་རིགས་དང་ཕྱུགས་ཁྱུའི་གྲུབ་ཆ་ལེགས་སུ་བཏང་བ། སོན་བཟང་གི་ཁ་གསབ་མ་དངུལ་མང་དུ་བཏང་བ། ཞིང་འབྲོག་ཐོན་རྫས་ཀྱི་སོན་བཟང་ཁྱབ་ཚད་མཐོ་རུ་བཏང་བ་བཅས་བྱས་ནས་ཞིང་འབྲོག་ལས་མགྱོགས་མྱུར་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་བཏང་བ་དང་ཆབས་ཅིག་མང་ཚོགས་ལ་འབབ་འཕར་ཡོང་རྒྱུར་སྐུལ་ཁྲིད་ཀྱང་བྱས་ཡོད།

ནས་ནི་མཚོ་བོད་ས་མཐོའི་འབྲུ་རིགས་སྐྱེ་དངོས་གལ་ཆེན་ཞིག་དང་བོད་རིགས་མང་ཚོགས་ཀྱི་རྒྱུན་ལྡན་འཚོ་བའི་ཁྲོད་མེད་དུ་མི་རུང་བའི་བཟའ་བཅའ་ཞིག་རེད། ཉེ་བའི་ལོ་ཤས་རིང་བོད་རང་སྐྱོང་ལྗོངས་ཞིང་འབྲོག་ཚན་རིག་ཁང་གིས་ནས་ཀྱི་སོན་བཟང་གསོ་སྤེལ་དང་ཁྱབ་གདལ་བཏང་བའི་ནང“བོད་ནས་ཨང་2000པར”ཐོན་འབབ་མཐོ་བ་དང་ནད་འགོག་ནུས་པ་ཆེ་བ་སོཌ་ཀྱི་ལེགས་ཆ་ལྡན་པས་གཙོ་གནད་ཐོག་ཁྱབ་གདལ་གཏོང་བའི་ནས་ཀྱི་སོན་བཟང་ཞིག་རེད། 2020ལོར་བོད་ཀྱི་ནས་ཐོན་ཚད་ཏུན་ཁྲི་79.5ཟིན་པ་དང་མུའུ་རེའི་ནས་ཐོན་ཚད་2015ལོ་ལས་སྤྱི་རྒྱ་16.6འཕར་ཡོད།

ལོ་56ལ་སླེབས་པའི་རྡོ་རྗེ་ནི་བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར་མལ་གྲོ་གུང་དཀར་རྫོང་ཐང་སྐྱ་ཤང་གི་ཞིང་པ་ཞིག་ཡིན་པ་དང་ཁྱིམ་དུ་ཁྱོན་ས་ཞིང་མུའུ་22ཡོད་པ་རེད། ཁོང་གིས“ད་ཆ་ནས་ཀྱི་ཐོན་འབབ་སྔོན་མ་ལས་མཐོ་རུ་ཕྱིན་འདུག ནས་ཀྱི་སོན་བཟང་གྲོང་ཚོ་ཧྲིལ་པོར་ཁྱབ་གདལ་བཏང་རྗེས་ནས་མུའུ་རེའི་ཐོན་ཚད་སྤྱི་རྒྱ་380ལྷག་ཙམ་ཟིན་ཡོད”ཅེས་གསར་འགོད་པར་བཤད། (བདེ་སྐྱིད་ཀྱིས་བསྒྱུར། བདེ་སྐྱིད་དང་པད་ཆོས་ཀྱིས་ཞུས)