《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2021年05月08日

སྟག་རྩེ་ཆུས་གླིང་ལྔ་གྲོང་ཚོས་ཏང་འཛུགས་སྐྱོང་ལ་བརྟེན་ནས་གྲོང་གསེབ་དར་རྒྱས་ལ་སྣེ་ཁྲིད་བྱས་པ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་གནས་ཚུལ་འབྱོར་གསལ། ལྷ་ས་གྲོང་ཁྱེར་སྟག་རྩེ་ཆུས་གླིང་ལྔ་གྲོང་ཚོས་ཏང་འཛུགས་སྐྱོང་གིས་སྣེ་ཁྲིད་བྱེད་པར་གཞི་ཚུགས་ཏེ་ཏང་རྩ་འཛུགས་ཀྱི་གོང་བུ་འགྲིལ་ཤུགས་དང་ལྟེ་བར་ཕྱོགས་ཤུགས་ཟམ་མི་ཆད་པར་འཕེལ་བར་བྱས་ནས། དབུལ་སྒྲོལ་གྱི་རྨང་གཞིའི་ཐོག་གྲོང་གསེབ་དར་རྒྱས་ལ་སྐུལ་འདེད་ཧུར་ཐག་བཏང་སྟེ་ཞིང་འབྲོག་ཁུལ་མཛེས་པ་དང་། ཞིང་འབྲོག་ལས་དར་བ། ཞིང་འབྲོག་པ་ཕྱུག་པ་བཅས་མངོན་འགྱུར་ཡོང་བའི་འཕེལ་རིམ་མགྱོགས་སུ་བཏང་ཡོད།

ཏང་འཛུགས་སྐྱོང་ལ་བརྟེན་ནས་གྲོང་ཚོ་སྟོབས་ཆེར་བཏང་སྟེ་མང་ཚོགས་ལ་ཞབས་འདེགས་ཞུ་བའི་མཁར་རྫོང་བརྟན་པོ་བཙུགས་ཤིང་། གྲོང་ཚོ་ཏང་ཨུད་ཀྱི་དམག་འཐབ་མཁར་རྫོང་དང་རྒྱ་ཆེའི་ཏང་ཡོན་གྱི་གདོང་ལེན་དཔེ་བཟང་གི་ནུས་པ་གང་ལེགས་བཏོན་ཏེ་ཏང་ཡོན་གྱིས་ཡུག་ཁུལ་དང་། ཁྱིམ་ཚང་། མི་སྣ་བཅས་འགན་གཙང་ལེན་པ་དང་མང་ཚོགས་ལ་འབྲེལ་གཏུག་དང་ཞབས་འདེགས་ཞུ་བའི་ལས་དོན་དོན་འཁྱོལ་ནན་ཏན་བྱས་ཡོད། རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་ལས་དོན་དང་། ཏང་འཛུགས་སྐྱོང་ལ་དམ་འཛིན་བྱས་ནས་དབུལ་སྒྲོལ་འགག་སྒྲོལ་གྱི་རྒྱལ་ཁ་ཕུ་ཐག་གཅོད་པ་སོགས་ཀྱི་ལས་དོན་དང་ཟུང་འབྲེལ་བྱས་ཏེ་ཏང་ཡོན་གྱི“འགན་གཙང་གསུམ”གྱི་ལས་དོན་ལ་སྐུལ་འདེད་ཏན་ཏིག་བཏང་བ་དང་། ཞིང་འབྲོག་ཏང་ཡོན་གྱིས“ཚོགས་སྒྲིག”བྱས་ནས་མང་ཚོགས་ལ་འབྲེལ་གཏུག་དང་ཞབས་འདེགས་ཞུ་བའི་ཡན་ལག་རུ་ཁག་ལེགས་སྒྲིག་བྱས་པ། གྲོང་ཚོའི་ལས་བྱེད་པ་དང་གྲོང་སྡོད་ལས་བྱེད་པ་སོགས་གྲོང་ཚོ་རིམ་པའི་རྩ་འཛུགས་ཀྱི་ལས་དོན་སྟོབས་ཤུགས་སྤྱི་འདོམས་བསྡུ་སྒྲིལ་བྱས་པ། ལུགས་མཐུན་ཁུལ་དབྱེ་དང་ཁག་བགོས་སྣེ་ཁྲིད་བྱས་པ། དུས་བཀག་ནང་གྲོང་ཚོ་དང་། ཚོགས་ཆུང་། མང་ཚོགས་ཀྱི་འགྲམ་དུ་བསྐྱོད་ནས་མང་ཚོགས་ཀྱི་བསམ་བློའི་འཁྱེར་སོ་ཤེས་རྟོགས་ཏན་ཏིག་དང་། སྤྱི་ཚོགས་ཀྱི་གནས་ཚུལ་དང་མི་དམངས་ཀྱི་བསམ་འདུན་བསྡུ་རུབ། བྱ་བཟང་དང་བྱ་བ་དངོས་སྒྲུབ་རོགས་བཅས་བྱས་ཡོད་པ་རེད། (བསྟན་འཛིན་བློ་གྲོས་ཀྱིས་བསྒྱུར། བཀྲ་ཤིས་ཚེ་དབང་གིས་ཞུས)