《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2021年05月08日

གངས་ལྗོངས་ས་མཐོར་མཁའ་ལམ་གཉིས་པ་བསྐྲུན་པ།

—— ཀྲུང་གོ་ལྕགས་ལམ་ཅུས་བཅུ་གཅིག་པའི་ཀུང་སི་གསུམ་པས་ལྷ་ཉིང་ལྕགས་ལམ་འདིང་བའི་ལས་གྲྭའི་མཐའ་མའི་ལས་འགན་བསྒྲུབས་པའི་སྐོར་བཀོད་པ།

ལྷ་ཉིང་ལྕགས་ལམ་ནི་བོད་ཀྱི་ལྟེ་བའི་གྲོང་ཁྱེར་ལྷ་ས་ནས་འགོ་བཙུགས་པ་དང་མཐར“གངས་ལྗོངས་ཀྱི་སྔོ་ལྗང་མཛེས་ལྗོངས་ཁུལ”ཉིང་ཁྲིར་སླེབས་ཀྱི་ཡོད། དེའི་གསར་སྐྲུན་བྱས་པའི་ལྕགས་ལམ་ཨ་མའི་རིང་ཚད་ལ་སྤྱི་ལེ་403.865ཡོད། ལྕགས་ལམ་གྱི་ལམ་ཐིག་ཧྲིལ་པོ་འདིང་བའི་ལས་འགན་འཁུར་མཁན་ཀྲུང་གོ་ལྕགས་ལམ་ཅུས་བཅུ་གཅིག་པའི་ཀུང་སི་གསུམ་པས་ཐོན་ཁུངས་བཀོད་སྒྲིག་ལེགས་སུ་ལུགས་མཐུན་བཏང་སྟེ། ལས་འགན་ཁག་ཉིན་གྲངས་དང་ལས་རིམ་ཁག་ཏུ་ཞིབ་ཚགས་སུ་བཏང་ནས་མཐར་དུས་བཀག་ལྟར་ལྕགས་ལམ་ཉིང་ཁྲིའི་བབས་ཚུགས་སུ་བཏིངས་ཏེ་བོད་ལ“མཁའ་ལམ”གཉིས་པ་བསྐྲུན་པ་རེད།

ས་མཐོར་འཛོམས་ནས་སླར་ཡང་ལྷ་ཉིང་ལྕགས་ལམ་བཏིངས་པ།

2016ལོར་ལྷ་ཉིང་ལྕགས་ལམ་གྱི་སྒྲོམ་གཞི་འདིང་བའི་ལས་གྲྭ་ལག་བསྟར་བྱས་ཚུན། ཀུང་སི་གསུམ་པའི་འཛུགས་སྐྲུན་པ་ཚོ་སླར་ཡང་རྒྱལ་ཡོངས་ཀྱི་ས་གནས་ཁག་ནས་གངས་ལྗོངས་ས་མཐོར་འཛོམས་། ཁོ་ཚོའི་ཁྲོད་ཀྱི་མི་མང་པོ་ཞིག་མཚོ་བོད་ལྕགས་ལམ་འཛུགས་སྐྲུན་ལ་ཞུགས་མྱོང་བ་དང་མཚོ་བོད་ས་མཐོར་ཐེངས་གསུམ་བསྐྱོད་པའི་མེ་འཁོར་གཏོང་མཁན་ཀྲུའུ་ཧྲུའུ་ཧྭ་དང་། དེ་སྔ་མཚོ་བོད་ལྕགས་ལམ་གྱི་སྒྲོམ་གཞི་འདིང་བའི་རྣམ་གྲངས་ཀྱི་སྤྱི་ཁྱབ་བཟོ་བཀོད་པ་གཞོན་པ་ཧྲེན་ཡུས་པིན(ད་ལྟ་ལྷ་ཉིང་རྣམ་གྲངས་ཀྱི་ཅིང་ལི་ཡིན་པ)ད་དུང་གངས་ལྗོངས་ས་མཐོར་བཞད་པའི“གངས་ལྷ་མེ་ཏོག”ཅེས་བརྗོད་པའི་མཚོ་བོད་ཀྱི་བུད་མེད་བཟོ་པའི་ཚན་ཁག་གི་ཁོངས་མི་ཁག་གཅིག་བཅས་ཡོད་པ་རེད།

སྒྲོམ་འདིང་རུ་ཁག་གཉིས་པའི་རུ་དཔོན་ཉེ་ཡུང་ཅུན་ནི“ལྕགས་ལམ་འདིང་མཁན་མི་རབས་གཉིས་པ”ཡིན་ཞིང་། ཁོང་གིས་ཕ་མེས་ཚོའི་རྗེས་སུ་འབྲངས་ནས་ཆ་སྙོམས་ལོ་ཚད་ལོ་26ལས་མི་སླེབས་པའི་ན་གཞོན་རུ་ཁག་གི་སྣེ་ཁྲིད་དེ་ལམ་ཐིག་ཧྲིལ་པོའི་དཀའ་ཚེགས་ཆེ་ཤོས་ཀྱི་སྒྲོམ་འདིང་ལས་འགན་བསྒྲུབས་པ་རེད། ཁོ་ཚོས“ལམ་གཉིས་ཀྱི་སྙིང་སྟོབས”དར་སྤེལ་བཏང་ནས་བོད་དུ་ཡར་ཀླུང་གཙང་པོ་ཁག་16སྒྲོལ་བ་དང་ཕུག་ལམ་ཁག་47ཏལ་འབིགས་བྱས་ནས་ལྕགས་ལམ་ཉིང་ཁྲིའི་བབས་ཚུགས་སུ་ཤར་གཏོང་ཐུབ་པར་བྱས་ཡོད། གཟེངས་སུ་ཐོན་པའི་གྲུབ་འབྲས་ལས་ཁོ་ཚོར“བོད་ཀྱི་གཞོན་ནུའི་ལྔ་བཞིའི་གཟེངས་རྟགས་སྐབས་བཅོ་ལྔ་པ”དང“རྒྱལ་ཡོངས་ཀྱི་གཞོན་ནུའི་བདེ་འཇགས་ཐོན་སྐྱེད་ཀྱི་དཔེ་སྟོན་ལས་གནས”སོགས་ཀྱི་གཟི་བརྗིད་མཚན་སྙན་ཐོབ་ཡོད་པ་རེད།

དཀའ་སྤྱད་འབད་འཐབ་བྱས་ནས་དུས་བཀག་ལྟར་ལྕགས་ལམ་ཤར་གཏོང་ཐུབ་པར་བྱས་པ།

“ཉིན་ལྟར་རྡོ་ཧྲུག་བཏིངས་ཚེ་ལྕགས་ལམ་སྤྱི་ལེ་3འདིང་ཐུབ་པ་དང་རྡོ་ཧྲུག་མ་བཏིངས་ཚེ་ལྕགས་ལམ་སྤྱི་ལེ་5འདིང་ཐུབ་པའི་མྱུར་ཚད་ལ་གཞིགས་ནས། ན་ནིང་ཟླ་12ཚེས་31ཉིན་ལྕགས་ལམ་ལམ་ཐིག་ཧྲིལ་པོ་ཤར་གཏོང་ཐུབ་ཡོད”ཅེས་ཉེ་ཡུང་ཅུན་གྱིས་བཤད།

འོན་ཀྱང་ཨར་པོ་རྒྱག་ཡུལ་གྱི་གནས་ཚུལ་ལ་འགྱུར་ལྡོག་ཧ་ཅང་ཆེན་པོ་འགྲོ་གི་ཡོད། 2020ལོའི་ཟླ་11པའི་ཟླ་འགོར་ལྕགས་ལམ་འབྲུག་ལ་སྒང་ཕུག་ལམ་དང་ལ་ཁ་ཕུག་ལམ་དུ་སླེབས་སྐབས་རྡོ་ཧྲུག་བཏིངས་མེད་པའི་ལྕགས་ལམ་ཡུན་རིང་ལེགས་སྒྲུབ་མ་ཐུབ་པར་གཤམ་འོག་གི་ཚན་པས་དུས་བཀག་ལྟར་ལས་ཡུལ་རྩིས་སྤྲོད་ཐུབ་མེད། “ལྕགས་ལམ་འདིང་བྱེད་འཕྲུལ་འཁོར་ཉིན་24ལས་མཚམས་འཇོག་དགོས་བྱུང་སྟེ་ན་ནིང་ཟླ་11ཚེས་26ཉིན་གཞི་ནས་ལྕགས་ལམ་འདིང་འགོ་ཚུགས་ཡོད”ཅེས་ཉེ་ཡུང་ཅུན་གྱིས་བཤད།

སྐབས་དེ་དུས་ལྕགས་ལམ་འདིང་བའི་ལས་འགན་ལྷག་མ་སྤྱི་ལེ་123.8ཡོད་པ་ལས། ཕུག་ལམ་13དང་ཟམ་པ་29ཡོད་པས་ཨར་ལས་ཀྱི་དཀའ་ཚེགས་ཆེ་བ་དང་ལས་ཡུན་གྱི་ལས་འགན་ཧ་ཅང་ལྕི་པོ་ཡོད།

“ང་ཚོ་ལས་བཟོ་ཡོངས་ཀྱིས་ངར་ཤུགས་ལ་བརྟེན་ནས་རྣམ་གྲངས་པུའི‘ལས་འགན་ཉུང་དུ་མི་གཏོང་བ་དང་། དམིགས་ཚད་དམའ་རུ་མི་གཏོང་བ། དམིགས་ཚད་ཉུང་དུ་མི་གཏོང་བ’བཅས་ཀྱི་བླང་བྱ་ལྟར་ལས་ཡུན་གསུམ་ལ་དབྱེ་ནས་ཉིན་མཚན་དབྱར་མེད་ངང་ཨར་པོ་རྒྱག་པའི་ཐབས་ཤེས་སྤྱད་པ་དང་། དེ་བཞིན་ཉིན་100ཡི་ངལ་རྩོལ་འགྲན་བསྡུར་གྱི་རྣམ་པ་བརྒྱུད་ནུས་ཤུགས་ཡོད་རྒུས་ལྕགས་ལམ་བཏིངས་ཡོད”ཅེས་ཧྲེན་ཡུས་པིན་གྱིས་བཤད།

ཨར་པོའི་འཐབ་ས་དང་པོའི་ལས་སྒྲུབ་མི་སྣ་ཚོ་དེ་བས་རང་བརྟེན་གསར་གཏོད་བྱེད་མཁན་ཡིན་ཞིང་། ཁོ་ཚོས་ལྕགས་ལམ་རྐྱང་པའི་ཕུག་ལམ་ཧྲིལ་པོར་ལྕགས་ལམ་གྱི་འབྲུག་སྒོའི་དཔྱང་ཟམ་སྒྲིག་སྦྱོར་བྱེད་སྐབས་སྨི་25ཡི་ལས་གྲྭའི་ལྕགས་ལམ་སྟར་སྒྲིག་དེ་ཕུག་ལམ་ནང་ལྡོག་འཇུག་བྱེད་ཆོག་པ་ལས་སྐྱེལ་འདྲེན་གྱི་བར་ཐག་ཐུང་དུ་ཕྱིན་ནས་ལྕགས་ལམ་འདིང་བའི་དུས་ཚོད་འགན་ལེན་ཐུབ་ཡོད།

2020ལོའི་ཟླ་12ཚེས་31ཉིན་ལྷ་ཉིང་ལྕགས་ལམ་གྱི་ལྕགས་ལམ་སྟར་སྒྲིག་མཐའ་མ་དེ་བཏིངས་ཟིན་ནས་ལྕགས་ལམ་ཧྲིལ་པོ་ཤར་གཏོང་ཐུབ་ཡོད།

བདེ་འཇགས་དང་གོ་རིམ་ལྡན་པའི་ངང་སྤུས་འབོར་གཉིས་ལྡན་བྱུང་བ།

ཐོ་རེངས་ཀྱི་ཆུ་ཚོད་དང་པོར་ཉིང་ཁྲིའི་བབས་ཚུགས་དང་བར་ཐག་ཉེ་བའི་གྲོ་མོའི་ཟམ་ཆེན་དུ་སྲིང་བལ་གྱི་སྟོད་གོས་གྱོན་པ་དང་མགོ་ལ་སྲིང་ཞྭ་གྱོན་པའི་སྒྲོམ་འདིང་རུ་ཁག་གི་རུ་དཔོན་གཞོན་པ་ཤའོ་ཧྲོའུ་ཤིན་གྱིས་ཨར་པོ་བར་བཀོད་འདོམས་བྱས་ནས་ལྕགས་ལམ་འདིང་བཞིན་ཡོད།

“ང་ཚོས་ལྕགས་ལམ་སྟར་སྒྲིག་གཅིག་འདིང་བར་སྐར་མ་10ལས་འགོར་གྱི་མེད་མོད། འོན་ཀྱང་ལྕགས་ལམ་སྟར་པ་མང་པོ་ཞིག་ལ་ལམ་ཐག་ཆུ་ཚོད་20ལྷག་ཙམ་སྐྱོད་དགོས་ཀྱི་ཡོད། དེར་བརྟེན་ལྕགས་ལམ་འདིང་བའི་དཀའ་གནད་དེ་སྐྱེལ་འདྲེན་བྱེད་པ་དང་ལྷག་པར་དུ་ཨར་པོ་རྒྱག་ཡུལ་གྱི་ཉེ་སའི་ལམ་ཐིག་མིས་ཁོད་སྙོམས་མེད་པ་མ་ཟད་ཆ་རྐྱེན་ཧ་ཅང་ཞན་པས་ཆུ་ཚོད་རེར་མྱུར་ཚད་སྤྱི་ལེ་10ལས་བརྒལ་ཐུབ་ཀྱི་མེད། དེ་མིན་ལྕགས་ལམ་ལྷུངས་བའི་གནས་ཚུལ་ཐོན་སླ་པོ་ཡོད”ཅེས་ཤའོ་ཧྲོའུ་ཤིན་གྱིས་བཤད།

དེར་བརྟེན་རྣམ་གྲངས་པུས་མཉམ་འབྲེལ་བཀོད་གཏོང་བཀོད་འདོམས་མ་ལག་ཆ་ཚང་ཞིག་བཙུགས་པ་དང་། བཀོད་གཏོང་མི་སྣས་མ་ལག་ཁྲོད་ཀྱི“ཨར་པོའི་འཆར་གཞིའི་རིག་ནུས་ཞིབ་མཆན”རེ་ཞུ་དང་ཞིབ་བཤེར་ཆོག་མཆན་གྱི་ལས་སྒྲུབ་དུས་ཚོད་སྤྱད་པ་ལས་ཨར་པོའི་ལས་ཕྱོད་ཆེ་རུ་སོང་བ་མ་ཟད། སྣོལ་སྡེབ་ལས་སྒྲུབ་ཀྱི་ལས་འགན་ལ་རང་འགུལ་ངང་ཞིབ་དཔྱད་ཚད་ལེན་ཐུབ་ནས་ལས་སྒྲུབ་སྡེབ་འདྲེས་ཀྱི་སྣང་ཚུལ་མི་ཐོན་པར་བྱས་ཡོད། དེ་དང་ཆབས་ཅིག་གསར་གཏོད་གསར་སྤེལ་གྱི“བརྙན་ལམ་གྱིས་སྣེ་ཁྲིད་པ”དང་། དུས་ཐོག་ཏུ་ལྟ་སྐུལ་ཚོད་འཛིན། མེ་འཁོར་གྱིས་ཉེན་བརྡ་གཏོང་བ། ཕུག་ལམ་ནང་གི་མེ་འཁོར་ལ་ངེས་གནས་བཟོ་བ་སོགས་ཀྱི་ནུས་པ་ལས་སྐྱེལ་འདྲེན་གྱི་བདེ་འཇགས་འགན་ལེན་ཐུབ་ནས་རིགས་གཅིག་པའི་ལྕགས་ལམ་ལ་རྩ་ཆེའི་ཉམས་མྱོང་གསོག་ཐུབ་ཡོད།

(བདེ་སྐྱིད་ཀྱིས་བསྒྱུར། བདེ་སྐྱིད་དང་པད་ཆོས་ཀྱིས་ཞུས)