《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2021年05月06日

རང་ལྗོངས་ཀྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལས་དོན་གྱི་བརྙན་འཕྲིན་ཁ་པར་ཚོགས་འདུ་འཚོགས་པ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་5ཚེས་3ཉིན་གནས་ཚུལ་འབྱོར་གསལ། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝུའུ་དབྱིང་ཅེའི་མཛུབ་སྟོན་བླང་བྱ་གཞིར་བཟུང་། ཉིན་ཤས་གོང་དུ་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་པད་མ་དབང་འདུས་ཀྱིས་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལས་དོན་གྱི་བརྙན་འཕྲིན་ཁ་པར་ཚོགས་འདུ་གཙོ་སྐྱོང་གནང་སྟེ། ལྗོངས་ཡོངས་ཀྱི་ཉེ་དུས་ཀྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལས་དོན་གྱི་སྙན་སེང་གསན་པ་དང་གཙོ་གནད་ལས་དོན་བཀོད་སྒྲིག་གནང་བ་རེད།

པད་མ་དབང་འདུས་ཀྱིས། ཉེ་དུས་ཁྱིམ་མཚེས་རྒྱལ་ཁབ་ཀྱི་རིམས་ནད་ཐོན་ཚུལ་ཚབས་ཆེ་བ་དང་དུས་བབ་ཛ་དྲག་པོ་ཡོད་པས་རིམ་པ་ཁག་དང་སྡེ་ཚན་ཁག་གིས་རང་ལྗོངས་ཀྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་དུས་བབ་དང་། ལྷག་པར་དུ་ཁྱིམ་མཚེས་རྒྱལ་ཁབ་ཀྱི་རིམས་ནད་ལས་ང་ཚོར་འཕྲད་པའི་འགྲན་སློང་ལ་ངོས་འཛིན་གསལ་པོ་བྱས་ཏེ། ཆབ་སྲིད་ཀྱི་ཚུགས་གནས་སྔར་བས་མཐོ་རུ་གཏོང་བ་དང་། ཏང་ཀྲུང་དབྱང་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་། ལྗོངས་ཏང་ཨུད་དང་སྲིད་གཞུང་བཅས་ཀྱི་ཐབས་ཇུས་བཀོད་སྒྲིག་ལ་གཞིགས་ནས་རིམས་འགོག་གི་སྙིང་སྟོབས་དར་སྤེལ་གཏོང་བ། བོད་ཀྱི་མི་རིགས་ཁག་གི་མང་ཚོགས་ཀྱི་ཚེ་སྲོག་བདེ་འཇགས་དང་གཟུགས་གཞི་བདེ་ཐང་ལ་ཚད་མཐོའི་འགན་འཁུར་བའི་རྣམ་འགྱུར་ཐོག་ནས་མཐའ་མཚམས་དོ་དམ་ལ་སྔར་བས་ཤུགས་སྣོན་རྒྱག་པ། ཕྱོགས་ཁག་གི་འགན་འཁྲི་ནན་དུ་གཏོང་བ། ལས་ཀའི་བྱེད་ཐབས་ཞིབ་ཕྲ་བཟོ་བ། མཉམ་དུ་སྔོན་འགོག་དང་ཚོད་འཛིན་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ཏེ། ཁུག་ཆ་མི་ལུས་པ་དང་ཕྱོགས་ཡོངས་ལ་ཁྱབ་པའི་འགན་ལེན་བྱེད་དགོས་པ་དང་། གཙོ་གནད་འགག་སྒོར“འགག་སྒོ་རེར་ལས་ཀའི་ཆེད་དོན་ཚན་ཁག་རེ་དང་། ལས་ཀའི་ཇུས་གཞི་ཆ་ཚང་རེ། འགན་འཁུར་མཁན་འགོ་ཁྲིད་རེ”བཅས་ཀྱི་ལས་ཀའི་ལམ་སྲོལ་སྤྱད་དེ་དམ་འཛིན་ནན་པོ་དང་དམ་འཛིན་ཏན་ཏིག་བྱེད་དགོས་པ། མཐའ་མཚམས་ཤང་དང་གྲོང་རྡལ་གྱི་འགྲོ་འོང་དོ་དམ་ལ་ཤུགས་སྣོན་རྒྱག་པ་དང་། དྲ་མིག་ཅན་གྱི་དོ་དམ་དང་ཞིབ་བཤེར་ཐོ་འགོད་ལམ་ལུགས་དོན་འཁྱོལ་ནན་པོ་བྱེད་པ། སྐམ་ལམ་འགག་སྒོ་དང་དམངས་ཁྲོད་བགྲོད་ལམ་གྱི་མཉམ་དུ་སྔོན་འགོག་དང་ཚོད་འཛིན་ལ་སྤྱི་འདོམས་ཡག་པོ་བྱེད་དགོས་པ། མཐའ་མཚམས་ས་ཁུལ་གྱི་ཤང་དང་གྲོང་རྡལ་གྱི་སྲིད་གཞུང་དང་གྲོང་ཚོ་ཨུ་ལྷན་གྱིས་འགག་སྒོ་དང་། མཐའ་སྲུང་། སྤྱི་བདེ་སོགས་སྡེ་ཚན་ལ་གཞོགས་འདེགས་ཧུར་ཐག་བྱས་ཏེ་ཁྲིམས་དང་མ་མཐུན་པར་མཐའ་མཚམས་ནས་འགྲོ་འོང་བྱེད་པའི་བགྲོད་ལམ་སོགས་བཀག་འགོག་ནུས་ལྡན་བྱེད་དགོས། དུས་མཚུངས་སུ་མཐའ་མཚམས་སུ་སྐྱོད་རྩིས་ཡོད་པའི་ཡུལ་སྐོར་བར་ཉེ་དུས་ཁྱིམ་མཚེས་རྒྱལ་ཁབ་ཀྱི་རིམས་ནད་དུས་བབ་གསལ་པོར་བརྗོད་དེ། མཐའ་མཚམས་ས་ཁུལ་དུ་སྐྱོད་མཁན་ཡུལ་སྐོར་བའི་མི་གྲངས་ཉུང་དུ་གཏོང་བ་དང་མཐའ་མཚམས་ཀྱི་རིམས་ནད་འགོག་སྲུང་འཛིང་རགས་བརྟན་དུ་གཏོང་དགོས། རིམས་འགོག་བྱེད་ཐབས་དོན་འཁྱོལ་ནན་པོ་བྱེད་པ་དང་། མངོན་མེད་རྐྱེན་ངན་གྲལ་བཤེར་ཧུར་ཐག་བྱེད་པ། རྒྱལ་མཚམས་སྒྲོལ་བའི་དངོས་ཟོག་དང་འགྲིམ་འགྲུལ་སྐྱེལ་འདྲེན་ཡོ་བྱད་ལ་དོ་དམ་བྱེད་ཤུགས་སྔར་བས་ཆེ་རུ་གཏོང་བ། ནང་འདྲེན་དངོས་ཟོག་དང་གྲང་ཕྲེང་བཟའ་བཅའི་ཉེན་ཁར་ལྟ་ཞིབ་ཚད་ལེན་དང་། ཉིང་སྐྱུར་ཞིབ་དཔྱད་ལས་དོན། དེ་བཞིན་དངོས་ཟོག་དང་འགྲིམ་འགྲུལ་སྐྱེལ་འདྲེན་ལས་དོན་གྱི་སྔོན་འགོག་རང་བཞིན་གྱི་དུག་སེལ་ལམ་ལུགས་དོན་འཁྱོལ་ནན་པོ་བཅས་བྱེད་དགོས་པ། དྲིལ་བསྒྲགས་བྱེད་ཤུགས་ཆེ་རུ་གཏོང་བ་དང་རིམས་འགོག་སྨན་ཁབ་རྒྱག་མགྱོགས་སུ་བཏང་ནས་མཐའ་མཚམས་ས་ཁུལ་དུ་རིམས་འགོག་སྨན་ཁབ་རྒྱག་རྒྱུ་ཁྱོན་ཡོངས་ལ་ཁྱབ་པར་བྱེད་དགོས་པ། དངོས་སྒྲུབ་དང་། སྙིང་ཉེ། དམིགས་འབྱོར་བཅས་ཀྱི་བྱ་ཐབས་སྤྱད་དེ་མཐའ་མཚམས་ཞིབ་བཤེར་འགག་སྒོའི་ནད་ཡམས་ཚོད་འཛིན་གྱི་སྨན་དོན་པ་དང་། སྤྱི་བདེའི་མི་དམངས་ཉེན་རྟོག་པ། གཞི་རིམ་ལས་བྱེད་པ་སོགས་སྔོན་འགོག་ཚོད་འཛིན་གྱི་འཐབ་ས་དང་པོའི་མི་སྣར་རང་འགུལ་ངང་སེམས་ཁུར་དང་གཅེས་སྐྱོང་བྱེད་དགོས་པ། ཕྱི་ཕྱོགས་འབྲེལ་བ་ཐག་གཅོད་ཡག་པོ་བྱེད་པ་དང་། རྒྱལ་ཁབ་དབར་གྱི་མཉམ་དུ་སྔོན་འགོག་དང་ཚོད་འཛིན་ལམ་སྲོལ་ཡག་པོ་སྤྱོད་པ། ཕྱི་འབྲེལ་གྱི་སྤྱི་ཡོངས་ལ་ཞབས་འདེགས་ཧུར་ཐག་ཞུ་བ་བཅས་བྱས་ནས་མཐའ་མཚམས་ཀྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་ཐད་འཕྱུགས་པ་གཏན་ནས་མི་ཡོང་བའི་འགན་ལེན་བྱས་ཏེ་བློ་ཡིད་ཚིམ་པའི་རིམས་འགོག་གི་རྒྱུགས་ལན་ཞིག་ཧུར་ཐག་འབུལ་དགོས་པ་བཅས་ཀྱི་ནན་བཤད་གནང་བ་རེད།

(བསྟན་བཟང་གིས་བསྒྱུར། སྤེན་ཚེས་ཞུས)