《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2021年05月06日

རང་ལྗོངས་ཀྱི་ས་གནས་ཁག་དང་སྡེ་ཚན་ཁག་གིས་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་གཏིང་ཟབ་དང་ཏན་ཏིག་ངང་སྤེལ་རྒྱུར་སྐུལ་འདེད་བཏང་བ།

གསར་བརྗེའི་ས་བོན་རྒྱུན་འཛིན་བྱས། འབད་འབུངས་སྟོབས་ཤུགས་བསྡུ་ལེན་བྱེད།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཕྱོགས་བསྡུས་གནས་ཚུལ་འབྱོར་གསལ། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་སྤེལ་ཚུན། རང་ལྗོངས་ཀྱི་ས་གནས་ཁག་དང་སྡེ་ཚན་ཁག་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་སྐུལ་སློང་ཚོགས་ཆེན་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱས་ཏེ་བཀོད་སྒྲིག་ནུས་ལྡན་དང་བྱེད་ཐབས་ཞིབ་ཕྲར་བརྟེན་ནས་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་ཏན་ཏིག་ངང་སྤེལ་རྒྱུར་སྐུལ་འདེད་བཏང་ཡོད།

ཉིང་ཁྲི་གྲོང་ཁྱེར་གྱིས་ཏང་ཡོན་ཡོངས་སྒྲིག་འཛུགས་བྱས་ཏེ། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་ཡག་པོ་སྤེལ་བ་དང་ཆབས་ཅིག རྒྱ་ཆེའི་ཏང་ཡོན་འཕེལ་རྒྱས་གཏོང་ཡུལ་དང་། ཏང་ཞུགས་ཧུར་བརྩོན་ཅན། གུང་གཞོན་སྡེ་ཚོགས་སོགས་ཏང་གི་རྗེས་གྲབས་སྟོབས་ཤུགས་སློབ་སྦྱོང་གསོ་སྦྱོང་གི་ཁྱབ་ཁོངས་ནང་བཅུག་ནས་ཏང་གི་འོད་སྟོང་འཕྲོ་བའི་ལོ་རྒྱུས་ལམ་བུ་དང་རླབས་ཆེན་གྲུབ་འབྲས་ལ་ངོས་འཛིན་གཏིང་ཟབ་བྱས་ཏེ་གུང་ཁྲན་རིང་ལུགས་ཀྱི་དད་སེམས་བརྟན་དུ་བཏང་ཞིང་། ཉིན་ཤས་གོང་། ཉིང་ཁྲི་གྲོང་ཁྱེར་གྱིས་ཏང་གི་རྗེས་གྲབས་སྟོབས་ཤུགས་ཀྱི་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་ཆེད་དོན་འཆད་ཁྲིད་བྱས་ཏེ། བོད་ལྗོངས་ཞིང་འབྲོག་སློབ་གླིང་གི་དགེ་རྒན་ཆེ་མོ་བ་གཞོན་པ་ཧོ་ཧུའེ་ཆིན་གདན་དྲངས་ནས《འོད་སྟོང་འཕྲོ་བའི་ལོ་རྒྱུས། ཀྲུང་གོ་གུང་ཁྲན་ཏང་གི་ལོ་ངོ་100》ཞེས་པའི་ཆེད་དོན་ཟུར་ཁྲིད་བྱས་པ་དང་། གྲོང་ཁྱེར་ཡོངས་ཀྱི་ཏང་ཡོན་དང་། ཏང་ཞུགས་ཧུར་བརྩོན་ཅན། གུང་གཞོན་སྡེ་ཚོགས་ཀྱི་ཚོགས་མི་བཅས་120ལྷག་ཙམ་སློབ་སྦྱོང་ནང་ཞུགས་ཡོད་པ་རེད། ཚོགས་ཞུགས་མི་སྣ་ཚོས་སྦྱངས་པའི་ཤེས་བྱ་རྣམས་རྒྱུན་གཏན་གྱི་ལས་དོན་ཁྲོད་དངོས་འབྲེལ་སྤྱོད་པ་དང་། ཏང་ཡོན་གྱི་ཚད་གཞིར་གཞིགས་ནས་རང་ཉིད་ལ་བླང་བྱ་ནན་པོ་བཏོན་ཏེ། སྔ་ཙམ་ཏང་རྩ་འཛུགས་ནང་ཞུགས་རྒྱུར་རྨང་གཞི་ཡག་པོ་འདིང་རྒྱུ་ཡིན་ཞེས་བཤད་པ་རེད།

ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་སྤེལ་ཚུན། ཆབ་མདོ་གྲོང་ཁྱེར་གྱིས་སྒྲིག་འཛུགས་ཞིབ་ཚགས་བྱས་ནས“དེ་བས་གསུམ”གྱི་ཆེད་དོན་སློབ་གསོ་དང་། སྲིད་ཁྲིམས་དཔུང་ཁག་གི་སློབ་གསོ་བཅོས་སྒྲིག གྲོང་གསེབ་དར་རྒྱས་སོགས་ཀྱི་ལས་དོན་དང་ཟུང་འབྲེལ་བྱས་ཏེ་དམངས་ལ་ཕན་པ་འདོགས་པ་དང་དམངས་ལ་སྟབས་བདེ་སྐྲུན་པའི་བྱ་ཐབས་ཁག་གཅིག་བཏོན་ནས་མང་ཚོགས་ཀྱི“འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག”བཅས་ཀྱི་གནད་དོན་དངོས་ཐག་གཅོད་ཏན་ཏིག་བྱས་པ་དང་། (པར་ངོས་གསུམ་པར་གཟིགས)

(པར་ངོས་དང་པོར་མཐུད) “ངས་མང་ཚོགས་ལ་བྱ་བ་དངོས་སྒྲུབ་པའི”ཕན་འབྲས་དངོས་ལ་བརྟེན་ནས་རྒྱ་ཆེའི་མང་ཚོགས་རྣམས“ནམ་ཡང་ཏང་གི་རྗེས་སུ་འབྲང་རྒྱུར”ཁྲིད་སྟོན་བྱས་པས་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོར་དུས་མཚམས་རང་བཞིན་གྱི་གྲུབ་འབྲས་ཐོབ་ཡོད། སློབ་སྦྱོང་གི་རྨང་གཞིར་དམིགས་ནས་ཏང་ཡོན་ཡོངས་ལ་ཁྱབ་པར་བྱས་ཤིང་། གྲོང་ཁྱེར་ཡོངས་ཀྱི་རིམ་ཁག་ཏང་རྩ་འཛུགས་ཀྱིས་ཏང་གི་ལོ་རྒྱུས་སློབ་སྦྱོང་མིག་སྔའི་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ལ་བརྩིས་ནས་དམ་འཛིན་བྱས་ཏེ། “གསར་བརྗེའི་མཆོག་ནོར”ཏང་གི་ལོ་རྒྱུས་ཀྱི་སློབ་གཞིར་སྒྱུར་བ་དང་གསར་བརྗེའི་རྗེས་ཤུལ་ཏང་གི་ལོ་རྒྱུས་སློབ་ཚན་དུ་སྒྱུར་ནས་ཏང་གི་གཏམ་རྒྱུད་དང་། གསར་བརྗེའི་གཏམ་རྒྱུད། དཔའ་བོའི་གཏམ་རྒྱུད་བཅས་ཇི་མ་ཇི་བཞིན་དང་གསོན་ཉམས་དོད་པོའི་ངང་ཡག་པོ་བཤད་དེ་འབད་འབུངས་ཀྱི་སྟོབས་ཤུགས་འཕེལ་བར་བྱས་ཡོད། མིག་སྔའི་བར་གྲོང་ཁྱེར་ཡོངས་སུ་ཏང་གི་ལོ་རྒྱུས་དང་ཏང་གི་སློབ་ཚན་ཐེངས་140ལྷག་ཙམ་འཚོགས་པར་ཏང་ཡོན་ལས་བྱེད་པ་མི་ཐེངས་11000ལྷག་ཙམ་ལ་སློབ་གསོ་ཐེབས་པ་དང་། སྒྲོག་འགྲེལ་བྱེད་སྒོ་ཐེངས་600ལྷག་ཙམ་སྤེལ་བར་མང་ཚོགས་མི་ཐེངས་ཁྲི་3.5ལྷག་ཙམ་ལ་སློབ་གསོ་ཐེབས་ཡོད་པ་རེད།

ཉེ་ཆར། གྲོང་ཚོར་བཅའ་སྡོད་རང་སྐྱོང་ལྗོངས་སྤྱི་ཁྱབ་བཟོ་ཚོགས་ཀྱི་ལས་དོན་རུ་ཁག་ཁག་བཅུ་པས་ཉི་མ་རྫོང་འོམ་བུ་ཤང་ལྷོ་ཕྱོགས་སྡེ་ཁུལ་གྲོང་ལྷན་གྱི་ཏང་ཡོན་མང་ཚོགས་སྒྲིག་འཛུགས་བྱས་ཏེ་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་སྒྲོག་འགྲེལ་ཚོགས་འདུ་འཚོགས་པ་རེད། གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གི་རུ་མིས《ལོ་ངོ་བརྒྱའི་ཏང་གི་ལོ་རྒྱུས་སློབ་སྦྱོང་བྱས་ནས་རྣམ་པ་གསར་པ་ཧུར་ཐག་གཏོད་དགོས》ཞེས་འགོ་བརྗོད་དུ་འཁོད་པའི་སྒྲོག་འགྲེལ་བྱས་པ་དང་ལྷོ་སྡེ་ཁུལ་གྲོང་ལྷན་གྱི་ཏང་ཡོན་དང་མང་ཚོགས་100ལྷག་ཙམ་གྱིས་སྒྲོག་འགྲེལ་ཉན་པ་རེད། སྒྲོག་འགྲེལ་ཚོགས་འདུའི་ཐོག་ལྷོ་སྡེ་ཁུལ་གྲོང་ལྷན་གྱི་འགྲིམ་འགྲུལ་དང་། འཕྲིན་གཏོང་། ཆུ་གློག ཡུལ་སྐོར། དབུལ་སྒྲོལ་འགག་སྒྲོལ་སོགས་ལ་ཐོབ་པའི་གྲུབ་འབྲས་དང་གྲོང་གསེབ་དར་རྒྱས་གཏོང་བའི་འཐབ་ཇུས་དང་ཟུང་འབྲེལ་བྱས་ནས་ཀྲུང་གོ་གུང་ཁྲན་ཏང་མེད་ན་སྤྱི་ཚོགས་རིང་ལུགས་ཀྱི་བོད་ལྗོངས་གསར་པ་མེད་པ་དང་། བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་ད་ཆའི་བདེ་སྐྱིད་ལྡན་པའི་འཚོ་བ་མེད་པ། ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་འོག་བོད་ལ་གཞི་ནས་དེ་བས་མཛེས་སྡུག་ལྡན་པའི་འབྱུང་འགྱུར་ཡོང་ཐུབ་པ་བཅས་ཏང་ཡོན་དང་མང་ཚོགས་ཚོས་དེ་བས་གསལ་པོར་ཤེས་སུ་བཅུག་ཡོད།

ཏང་གི་ལོ་ངོ་བརྒྱའི་རླབས་ཆེན་འབད་འཐབ་ཀྱི་ལོ་རྒྱུས་ལམ་བུའི་ཁྲོད་ནས་མུ་མཐུད་མདུན་སྐྱོད་ཀྱི་བློ་གྲོས་དང་སྟོབས་ཤུགས་བསྡུ་ལེན་བྱ་ཆེད། བོད་ལྗོངས་ཁྲལ་དོན་ཁོངས་གཏོགས་ཀྱི་རྒྱ་ཆེའི་ཏང་ཡོན་ཚོས་ཐོག་མའི་བསམ་འདུན་དང་། ཡིད་ཆེས། ཆོད་སེམས་བཅས་མཐའ་འཁྱོངས་བྱས་ཏེ་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་ཁྲོད་དད་སེམས་གཅིག་འདུས་དང་། དཔའ་ངར་ཆེར་སྐྱེད། བསམ་གཞིག་གསལ་བཟོ། བསམ་བློ་བརྟན་གཏོང་བཅས་བྱས་ནས“དཔལ་འབར་རྒྱུན་མཐུད་པ”ཡག་པོ་བྱས་ཏེ་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་གངས་ལྗོངས་ས་མཐོར་རྩ་བ་བརྟན་ཚུགས་དང་མྱུ་གུ་འབུས་པར་སྐུལ་འདེད་བཏང་བ་རེད། བོད་ལྗོངས་ཁྲལ་དོན་ཁོངས་གཏོགས་ཀྱིས་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་དང་ཁྲལ་བསྡུའི་ལག་ལེན་དངོས་ཟུང་འབྲེལ་བྱས་ཏེ“ངས་ཁྲལ་འཇལ་མཁན་དང་འགྲོ་གྲོན་འཇལ་མཁན་ལ་བྱ་བ་དངོས་སྒྲུབ་པ་དང་དམངས་ཕན་ཁྲལ་གཉེར་གྱི་དཔྱིད་རླུང་བྱ་སྤྱོད”ནང་མཉམ་འདྲེས་བྱེད་པ་དང“ཏང་ཀྲུང་དབྱང་ཐུགས་བློ་བདེ་པོ་དང་མི་དམངས་མང་ཚོགས་བློ་ཡིད་ཚིམ་པའི་དཔེ་བཟང་ལས་ཁུངས”བཏོད་དེ་གཞི་རིམ་གྱི“གནས་ཚུལ་དངོས་ལ་རྟོག་ཞིབ་དང་བྱ་བ་དངོས་སྒྲུབ་པ”སོགས་ཀྱི་ལས་དོན་སྒྲུབ་པ་དང། ཁྲལ་དོན་གྱི“ལྷག་བསམ་ཟོལ་མེད”ལ་བརྟེན་ནས“སེམས་ལྷོད”ཀྱི་ཞབས་ཞུ་སྒྲུབ་སྟངས་རབ་དང་རིམ་པ་བཏོན་པ་དང་ཁྲལ་དོན་པའི“ཐོག་མའི་བསམ་འདུན”ལ་བརྟེན་ནས་ཁྲལ་འཇལ་མཁན་དང་འགྲོ་གྲོན་འཇལ་མཁན“བློ་བདེ་པོ”ཡོང་བར་བྱས་ཡོད།