《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2021年05月05日

མཐུན་སྒྲིལ་ལམ་བཟང་པ་ཏྲའི་རིས་ལྟར་བཀྲ། བདེ་སྐྱིད་འཚོ་བར་སྙེགས་པའི་གོམ་སྟབས་མྱུར།

—— “ལོ་ལྔ་ཚན་བཅུ་གསུམ་པའི”ཚུན་གྱི་བོད་ཀྱི་འགྲིམ་འགྲུལ་སྐྱེལ་འདྲེན་འཕེལ་རྒྱས་སྐོར་གྱི་སྒྲིལ་གླེང་།

འདི་ནི་རང་ལྗོངས་ཀྱིས་གྲོང་གསེབ་འགྲུལ་སྐྱེལ་འཛུགས་སྐྲུན་བྱས་པ་ལས་མང་ཚོགས་སྒོ་འགྲམ་ནས“བདེ་འཇགས་རླངས་འཁོར”དུ་སྡོད་ཐུབ་པ།

འདི་ནི་G6ཅིང་བོད་མྱུར་བགྲོད་གཞུང་ལམ་གྱི་ཡངས་པ་ཅན་ནས་ལྷ་སའི་དུམ་བུའི་ཡུལ་ལྗོངས་ཡིན་པ།

གླེང་གཞི།

ཟླ་2ཚེས་1ཉིན་G4218གཡག་རྔ་ནས་ཡེ་ཁྲེང་བར་གྱི་རྒྱལ་ཁབ་མྱུར་བགྲོད་གཞུང་ལམ་གྱི་ལྷ་ས་ནས་གཞིས་རྩེའི་གནམ་ཐང་བར་གྱི་གཞུང་ལམ་དུམ་བུའི་གསར་སྐྲུན་དང་བསྐྱར་སྐྲུན་ལས་གྲྭའི(ཚོད་འཛིན་རང་བཞིན་གྱི་ལས་གྲྭ)ལྷ་སའི་དུམ་བུར་རླངས་འཁོར་ཚོད་གཏོང་བྱས། ལམ་དེར་རླངས་འཁོར་ཤར་གཏོང་ཐུབ་རྗེས་ཆུ་ཤུར་རྫོང་གྲོང་ནས་ལྷ་ས་གྲོང་ཁུལ་དུ་བསྐྱོད་པར་ཆུ་ཚོད་ཕྱེད་ཀའི་ཡས་མས་ལས་འགོར་གྱི་མེད།

“ལོ་ལྔ་ཚན་བཅུ་གསུམ་པའི”ཚུན་དུ། བོད་ཀྱི་འགྲིམ་འགྲུལ་སྐྱེལ་འདྲེན་བྱ་གཞག་མགྱོགས་མྱུར་འཕེལ་རྒྱས་ཕྱིན་ནས་ལྗོངས་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་། མི་རིགས་མཐུན་སྒྲིལ་ཡར་ཐོན། མཐའ་མཚམས་ཡུན་རིང་བདེ་འཁོད། དེ་བཞིན་དབུལ་སྒྲོལ་འགག་སྒྲོལ་ལ་སྐུལ་འདེད་གཏོང་བ་བཅས་ལ་སྟོབས་དང་ལྡན་པའི་འདེགས་སྐྱོར་དང་འགན་ལེན་ཐུབ་པ་རེད།

1 “ལམ་གཉིས”འཕེལ་རྒྱས་མགྱོགས་པོ་བཏང་ནས།

མང་ཚོགས་ལ་སྟབས་བདེ་ཆེན་པོ་བསྐྲུན་པ།

ཇོ་རྒོད་ནི་ལྷ་ས་གྲོང་ཁྱེར་འདམ་གཞུང་རྫོང་དབུ་མ་ཐང་ཤང་ཀོ་གཉེར་གྲོང་ཚོའི་ཁ་ལོ་བ་ཞིག་རེད། G6ཅིང་བོད་མྱུར་བགྲོད་གཞུང་ལམ་གྱི་ཡངས་པ་ཅན་ནས་ལྷ་སའི་དུམ་བུར་རླངས་འཁོར་ཤར་གཏོང་ཐུབ་པའི་གནས་ཚུལ་ཐོས་རྗེས། ཁོང་གིས་ནག་ཆུ་ནས་ལྷ་སའི་བར་གྱི་མྱུར་བགྲོད་གཞུང་ལམ་ཧྲིལ་པོར་སྔ་ཙམ་རླངས་འཁོར་ཤར་གཏོང་ཐུབ་རྒྱུའི་རེ་སྒུག་བྱེད་ཀྱི་ཡོད་ལ། དེ་ལྟར་ན་ཁོ་པ་ཉིན་གཅིག་ལ་ཕར་འགྲོ་ཚུར་འོང་ཐུབ་པ་མ་ཟད། ད་དུང་ལས་ཕྱོད་ཀྱང་ཆེས་ཆེར་འགྲོ་རྒྱུ་ཡིན་པ་རེད།

མཚོ་བོད་གཞུང་ལམ་གྱི་བོད་ལྗོངས་ས་ཁོངས་ནང་གི་ལམ་དུམ་རིམ་སྤོར་དང་མྱུར་ཚད་མགྱོགས་སུ་གཏོང་བར་ཡང་། “ལོ་ལྔ་ཚན་བཅུ་གསུམ་པའི”རིང་ངོ་བོའི་རང་བཞིན་གྱི་འཕེལ་རྒྱས་བྱུང་ཡོད།

རང་སྐྱོང་ལྗོངས་འགྲིམ་འགྲུལ་སྐྱེལ་འདྲེན་ཐིང་གི་བསྡོམས་རྩིས་གྲངས་གཞི་གསར་ཤོས་ལ་གཞིགས་ན། ལྷ་ས་ནས་ཉིང་ཁྲིའི་བར་དང་། གོང་དཀར་ནས་རྩེད་ཐང་། གཞིས་རྩེ་གནམ་ཐང་ནས་གཞིས་རྩེ་གྲོང་ཁྱེར། ཡངས་པ་ཅན་ནས་ལྷ་ས(མྱུར་བགྲོད)བཅས་ཀྱི་རིམ་མཐོའི་གཞུང་ལམ་དུ་རླངས་འཁོར་ཤར་གཏོང་ཐུབ་པ་དང་ཆབས་ཅིག “ལོ་ལྔ་ཚན་བཅུ་གསུམ་པར”ལྗོངས་ཡོངས་སུ་བསྐྲུན་ཟིན་པ་དང་སྐྲུན་བཞིན་པའི་རིམ་པ་དང་པོ་དང་དེ་ཡན་གྱི་གཞུང་ལམ་གྱི་སྤྱིའི་ལམ་ཐག་སྤྱི་ལེ་1000དང་། ལྗོངས་ཡོངས་ཀྱི་གཞུང་ལམ་དུ་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་11.88ཟིན་ལ། དེ“ལོ་ལྔ་ཚན་བཅུ་གཉིས་པའི”དུས་མཇུག་ལས་གཞུང་ལམ་སྤྱི་ལེ་ཁྲི་4.05རིང་དུ་སོང་ཞིང་། མྱུར་བགྲོད་གཞུང་ལམ་དུ་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་728ཟིན་པ་དང་། གཞུང་ལམ་དུ་རླངས་འཁོར་ཤར་གཏོང་ཐུབ་པའི་སྤྱིའི་ལམ་ཐག“ལོ་ལྔ་ཚན་བཅུ་གཉིས་པའི”དུས་མཇུག་ལས་51.7%འཕར་ཡོད།

མཛེས་སྡུག་ལྡན་པའི་འཆར་གཞིའི་སྣེ་ཁྲིད་འོག་འགྲིམ་འགྲུལ་འཛུགས་སྐྲུན་དེ་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་ཁྲིད་ཀྱི“སྒུལ་ཤུགས་གཙོ་བོར”འགྱུར་བཞིན་ཡོད། “ལོ་ལྔ་ཚན་བཅུ་གསུམ་པའི”རིང་། བོད་ཀྱི་འགྲིམ་འགྲུལ་སྐྱེལ་འདྲེན་ལས་རིགས་ཀྱི་གཏན་འཇགས་རྒྱུ་ནོར་གཏོང་ཚད་ཐད་སླར་ཡང་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་བཏོད་ཅིང་། མ་དངུལ་སྒོར་དུང་ཕྱུར་2516བཏང་བ་དང་འཆར་གཞི་ལས་བརྒལ་ནས་མ་དངུལ་སྒོར་དུང་ཕྱུར་128བཏང་བ་དེ“ལོ་ལྔ་ཚན་བཅུ་གཉིས་པའི”རིང་བཏང་བའི་སྒོར་དུང་ཕྱུར་680ཡི་ལྡབ་3.7ཟིན་ལ། ལྗོངས་ཡོངས་ཀྱི་གཏན་འཇགས་རྒྱུ་ནོར་གྱི་མ་འཇོག་ཁྲོད་བཟུང་བའི་བསྡུར་གྲངས་གསུམ་ཆ་གཅིག་ཡན་ཟིན་ཡོད།

2 “གྲོང་གསེབ་ཀྱི་ཡག་པོ་བཞིའི་ལམ”བསྐྲུན་ནས།

མི་སེར“བདེ་འཇགས་རླངས་འཁོར”ལ་སྡོད་ཐུབ་པ།

“ལོ་ལྔ་ཚན་བཅུ་གསུམ་པའི”རིང་བོད་ཀྱིས“གྲོང་གསེབ་ཀྱི་ཡག་པོ་བཞིའི་ལམ”བསྐྲུན་པ་བརྒྱུད། ཞིང་འབྲོག་ཁུལ་གྱི་མང་ཚོགས་ཁྲི་བརྒྱ་ཕྲག་འགའ་ཤས“བདེ་སྐྱིད་ཀྱི་ལམ་བུར”བསྐྱོད་ཐུབ་པ་དང“བདེ་འཇགས་ཀྱི་རླངས་འཁོར”ལ་སྡོད་ཐུབ་ཡོད།

ལོ་5ཡི་རིང་། བོད་ཀྱིས་ཁྱོན་གྲོང་གསེབ་གཞུང་ལམ་འཛུགས་སྐྲུན་རྣམ་གྲངས་3123ལག་བསྟར་གྱིས་གྲོང་གསེབ་ཀྱི་གཞུང་ལམ་སྤྱི་ལེ་ཁྲི་3.82གསར་སྐྲུན་དང་བསྐྱར་སྐྲུན་བྱས་ཏེ། ཤང་དང་གྲོང་རྡལ་286དང་། སྒྲིག་ཚུད་གྲོང་ཚོ་2905 མཐའ་མཚམས་རང་བྱུང་གྲོང་ཚོ་236 ཡུལ་གཞན་དུ་གཅིག་སྡུད་གནས་སྤོས་དབུལ་སྐྱོར་བཀོད་སྒྲིག་ས་ཚིགས(ཁུལ)391བཅས་ཀྱི་འགྲོ་ལམ་ཤར་གཏོང་གི་གནད་དོན་ཐག་གཅོད་བྱས་ཡོད། མིག་སྔའི་བར་ལྗོངས་ཡོངས་ཀྱི་གྲོང་གསེབ་ཀྱི་གཞུང་ལམ་དུ་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་8.68ཟིན་པ་དང་། ཤང་དང་གྲོང་རྡལ་དང་སྒྲིག་ཚུད་གྲོང་ཚོར་ཤར་གཏོང་ཐུབ་ཚད་100%དང་99.96%ཟིན་པ། ཤང་དང་གྲོང་རྡལ་654དང་སྒྲིག་ཚུད་གྲོང་ཚོ་4094ལ་ཨར་འདམ་ལམ་བཏིང་སྟེ་ཤར་བགྲོད་ཐུབ་ཚད་94.1%དང་74.8%ཟིན་ཏེ། ལོ་3གྱི་སྔོན་ལ་འགྲིམ་འགྲུལ་སྐྱེལ་འདྲེན་པུའི་འཆར་འགོད་དམིགས་ཚད་ལེགས་གྲུབ་བྱུང་ཡོད། རྒྱལ་ཡོངས་ཀྱི་འགྲོ་ལམ་ཤར་གཏོང་མི་ཐུབ་པའི་རྫོང་མཐའ་མ་སྟེ། མེ་ཏོག་རྫོང་ལ་ཨར་འདམ་ལམ་བཏིང་ནས་ལྗོངས་ཡོངས་ཀྱི་ཤང་དང་གྲོང་རྡལ་མཐའ་མ་སྟེ། མེ་ཏོག་རྫོང་དགའ་ལྡན་ཤང་ལའང་གཞུང་ལམ་ཤར་གཏོང་ཐུབ་ཡོད།

“ལོ་ལྔ་ཚན་བཅུ་གསུམ་པའི”ཚུན་དུ་ལྗོངས་ཡོངས་སུ་འགྲུལ་སྐྱེལ་རླངས་འཁོར་ཤར་གཏོང་ཐུབ་པའི་རྫོང་1དང་། ཤང་དང་གྲོང་རྡལ་102 སྒྲིག་ཚུད་གྲོང་ཚོ་536བཅས་མང་དུ་ཕྱིན་ཏེ། ལྗོངས་ཡོངས་ཀྱི་རྫོང་དང་ཆུས་ཚང་མར་འགྲུལ་སྐྱེལ་རླངས་འཁོར་ཤར་གཏོང་ཐུབ་ཅིང་། ཤང་དང་གྲོང་རྡལ་476དང་སྒྲིག་ཚུད་གྲོང་ཚོ་2050ལ་འགྲུལ་སྐྱེལ་རླངས་འཁོར་ཤར་གཏོང་ཐུབ་ནས་ཆ་རྐྱེན་འཛོམས་པའི་ཤང་དང་གྲོང་རྡལ་དང་སྒྲིག་ཚུད་གྲོང་ཚོ་ཚང་མར་འགྲུལ་སྐྱེལ་རླངས་འཁོར་ཤར་གཏོང་ཐུབ་ཡོད། རིམ་རྩིས་བྱས་ན། གྲོང་གསེབ་ཀྱི་འགྲུལ་སྐྱེལ་དུས་གཏན་ལམ་ཐིག་224ཤར་གཏོང་ཐུབ་པ་དང་གྲོང་གསེབ་འགྲུལ་སྐྱེལ་གྱི“རྫོང་རེར་ཀུང་སི་རེའི”འཕེལ་རྒྱས་གཏོང་སྟངས་ལྗོངས་ཡོངས་སུ་ཕྱོགས་ཡོངས་ནས་ཁྱབ་གདལ་བྱུང་ཡོད།

3 སྐྱེལ་འདྲེན་ཞབས་ཞུའི“རིམ་པ་མཐོ་རུ”བཏང་ནས།

མྱུར་སྐྱེལ་ཐུམ་སྒྲིལ་ཇོ་མོ་གླང་མའི་རི་གཤམ་དུ་བསྐྱལ་བ།

2020ལོའི“བཅུ་གཅིག་ཟུང”རིང་ཇོ་མོ་གླང་མའི་གཤམ་གྱི་ས་བབ་མཐོ་ཚད་སྨི་4000ལྷག་ཟིན་པའི་གཞིས་རྩེ་གྲོང་ཁྱེར་དིང་རི་རྫོང་བཀྲ་ཤིས་འཛོམས་ཤང་གི་མང་ཚོགས་ལ་ཐེངས་དང་པོར་མྱུར་སྐྱེལ་ཐུམ་སྒྲིལ་རག་ཡོད།

བོད་ཀྱི་ལམ་ཇེ་ཡག་ཏུ་ཕྱིན་པ་དང་སྦྲགས་སྐྱེལ་འདྲེན་ལས་རིགས་ཀྱི“རིམ་པ”ཡང་གོང་མཐོར་སོང་ཡོད།

འགྲོ་ལམ་སྐྱེལ་འདྲེན་ལས་རིགས་འཕེལ་རྒྱས་ཐད། “ལོ་ལྔ་ཚན་བཅུ་གསུམ་པའི”ཚུན་དུ་ལྗོངས་ཡོངས་སུ་འགྲོ་ལམ་འགྲུལ་སྐྱེལ་གཉེར་སྐྱོང་དུད་ཚང་86ཡོད་པ་དང་། འགྲུལ་སྐྱེལ་འཁོར་རིགས་4635ཡོད་པའི་ནང་དུས་གཏན་རླངས་འཁོར་1655དང་ཡུལ་སྐོར་རླངས་འཁོར་2864ཡོད། རིམ་རྩིས་བྱས་ན་འགྲུལ་སྐྱེལ་དུས་གཏན་ལམ་ཐིག་509ཤར་གཏོང་ཐུབ་པ་དང་། རིམ་ལྡན་འགྲུལ་སྐྱེལ་ས་ཚིགས་71དང་ངང་སྒུག་ས་ཚིགས་361བསྐྲུན་ཡོད།

འགྲོ་ལམ་ཟོག་འདྲེན་ལས་རིགས་འཕེལ་རྒྱས་གཏོང་བའི་ཐད། ལྗོངས་ཡོངས་སུ་འགྲོ་ལམ་སྐྱེལ་འདྲེན་ཟོག་འདྲེན་ས་ཚིགས་13བསྐྲུན་ལ། ལྗོངས་ཡོངས་སུ་འགྲོ་ལམ་ཟོག་འདྲེན་སྐྱེལ་འདྲེན་གཉེར་སྐྱོང་དུད་ཚང་33002དང་། ཉེན་ཆེའི་དངོས་ཟོག་སྐྱེལ་འདྲེན་གཉེར་སྐྱོང་དུད་ཚང་35ཡོད་པའི་ནང་ཟོག་འདྲེན་རླངས་འཁོར་50287དང་ཉེན་ཆེའི་དངོས་ཟོག་སྐྱེལ་འདྲེན་རླངས་འཁོར་817ཡོད།

བསྡོམས་རྩིས་ལྟར་ན། “ལོ་ལྔ་ཚན་བཅུ་གསུམ་པའི”རིང་ལྗོངས་ཡོངས་ཀྱིས་རིམ་རྩིས་བྱས་ན་འགྲུལ་པ་སྐྱེལ་ཚད་མི་ཐེངས་ཁྲི་4531ཟིན་པ་དང་། དངོས་ཟོག་ཏུན་དུང་ཕྱུར་1.44དབོར་འདྲེན་བྱས་པ་རེད།