《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2021年05月05日

རི་ཀླུང་གང་སར་སྔོ་ལྗང་གོས་ཀྱིས་བཀླུབས།

—— འདམ་གཞུང་རྫོང་གི་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་ལས་དོན་སྐོར་གྱི་སྒྲིལ་གླེང་།

པར་ནི་འདམ་གཞུང་རྫོང་གི་འདམ་རར་འཕུར་ལྡིང་བྱེད་བཞིན་པའི་ཁྲུང་ཁྲུང་སྐེ་ནག་ཡིན་པ།

འདམ་གཞུང་རྫོང་གི་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་གི་གྲུབ་འབྲས།

རང་སྐྱོང་ལྗོངས་རིམ་པའི་སྐྱེ་ཁམས་གྲོང་ཚོ་100%ཟིན་པ།

རང་སྐྱོང་ལྗོངས་རིམ་པའི་སྐྱེ་ཁམས་ཤང་དང་གྲོང་རྡལ་100%ཟིན་པ།

ཁག་གསུམ་པའི་རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་དཔེ་སྟོན་རྫོང་གི་གཟི་བརྗིད་མཚན་སྙན་ཐོབ་པ།

ཉེ་བའི་ལོ་ཤས་རིང་འདམ་གཞུང་རྫོང་གིས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་རིང་ཞི་ཅིན་ཕིང་གི་སྐྱེ་ཁམས་ཤེས་དཔལ་གྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་སྔ་ཕྱི་བར་གསུམ་དུ་མཐའ་འཁྱོངས་བྱས་ནས། “སྔོ་ཞིང་དྭངས་པའི་རི་ཆུ་གསེར་རི་དངུལ་རི་ཡིན་པའི”འདུ་ཤེས་བརྟན་པོ་འཛུགས་པ་དང་ལག་ལེན་བསྟར་བ་དང་། སྐྱེ་ཁམས་སྔོན་དུ་འཇོག་པ་དང་ལྗང་མདོག་འཕེལ་རྒྱས་ཀྱི་ལམ་བུར་གཡོ་འགུལ་མི་གཏོང་རྒྱུ་མཐའ་འཁྱོངས། རྒྱལ་ཁབ་དང་རང་སྐྱོང་ལྗོངས་ཀྱི“རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་གི་དཔེ་སྟོན་གྲོང་ཁྱེར་དང་རྫོང”གི་བླང་བྱ་དང་དམིགས་ཚད་དང་ཡང་ཡང་བསྡུར་བ། སྦགས་བཙོག་འགོག་བཅོས་ཀྱི་འགག་སྒྲོལ་དམག་འཐབ་མཐའ་གཅིག་ཏུ་ཡག་པོ་རྒྱག་པ། རི་ཆུ་ནགས་གསུམ་དང་། ས་ཞིང་། མཚོ། རྩྭ་ཐང་། བྱེ་ཐང་བཅས་ཀྱི་སྐྱེ་ཁམས་བཅོས་སྐྱོང་དང་སླར་གསོར་སྤྱི་འདོམས་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། ཞི་མཐུན་དང་། དྭངས་གཙང་། ལྗང་མདོག ཐཱན་ཉུང་། སྡོད་མལ། མི་ཆོས་བཅས་ཀྱི་འདམ་གཞུང་ཞིག་ཧུར་ཐག་བསྐྲུན་པ་རེད།

རྩེ་རིམ་ཇུས་འགོད་ལ་ཤུགས་སྣོན་བརྒྱབ་ནས་ལྗང་མདོག་བསམ་བཀོད་བཏོན་པ།

སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་བྱེད་རིང་བོད་རང་སྐྱོང་ལྗོངས་དང་ལྷ་ས་གྲོང་ཁྱེར་གྱི་གཅིག་གྱུར་བཀོད་སྒྲིག་གཞིར་བཟུང་། འདམ་གཞུང་རྫོང་གིས་གོ་རིམ་ལྡན་ལ་ཆ་ཚང་བའི་ལམ་ལུགས་འཐུས་སྒོ་ཚང་དུ་བཏང་སྟེ་ལམ་ལུགས་ནན་ཤོས་དང་ཁྲིམས་སྐྱོང་ནན་ཤོས་ལ་བརྟེན་ནས་རང་བྱུང་དང་སྐྱེ་ཁམས་ཁོར་ཡུག་གསར་སྤེལ་དང་། བེད་སྤྱོད། སྲུང་སྐྱོང་བཅས་ལ་གཅུན་འདོམས་བྱེད་རྒྱུ་ཚད་ལྡན་དུ་བཏང་བ་མ་ཟད། ཁོར་ཡུག་སྦགས་བཙོག་འགོག་བཅོས་ཀྱི་ལོ་གསུམ་གྱི་བྱ་སྤྱོད་བཀོད་སྒྲིག་གི་ལས་དོན་ལ་དམིགས་ནས། སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་གི་ལས་འགན་དོན་འཁྱོལ་ཡོང་བར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་བ་རེད།

རྩེ་རིམ་ཇུས་འགོད་ལ་ཤུགས་སྣོན་དང་ལས་དོན་འགན་ལེན་བྱེད་ཤུགས་ཆེ་རུ་གཏོང་བར་དམིགས་ཏེ་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་གི་ཆུ་ཚད་རྒྱུན་མཐུད་མཐོ་རུ་བཏང་བ་རེད། སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་ལས་དོན་གྱི་ཆེད་དོན་འཛིན་གྲྭ་བཙུཌ་ཏེ། 《འདམ་གཞུང་རྫོང་རྒྱལ་ཁབ་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་གི་དཔེ་སྟོན་རྫོང་གི་འགོ་ཁྲིད་ཚོགས་ཆུང་འཛུགས་པའི་ཇུས་གཞི》དང་། 《འདམ་གཞུང་རྫོང་གི་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་དམིགས་ཚད་གདེང་འཇོག་དཔྱད་ཞིབ་ལག་བསྟར་ཇུས་གཞི》བཟོས་ནས་ལག་ལེན་བསྟར་བ་དང་། 《དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་མཐུན་སྦྱོར་མཉམ་འགུལ་ལམ་སྲོལ་འཛུགས་སྐྱོང་སྐོར་གྱི་འདམ་གཞུང་རྫོང་གི་བསམ་འཆར》 《འདམ་གཞུང་རྫོང་རྒྱལ་ཁབ་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་དཔེ་སྟོན་རྫོང་གི་གྲུབ་འབྲས་སྲ་བརྟན་དང་མཐོར་གཏོང་གི་ལག་བསྟར་ཇུས་གཞི(2020ལོ་ནས་2021ལོ་བར)》བཟོས་ནས་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་དཔེ་སྟོན་གཏོད་རྒྱུར་འདེགས་སྐྱོར་ནུས་ལྡན་བྱས་པ་རེད།

གཙོ་གནད་མངོན་གསལ་དོད་པོ་ཡོང་བར་བྱས་ནས་མཐའ་ཚད་གསུམ་ནན་པོ་བསྲུངས་པ།

སྐྱེ་ཁམས་ཁོར་ཡུག་བཟང་པོ་ནི་ཕ་ཚ་བུ་རྒྱུད་ལ་འཇོག་པའི་རྒྱུ་ནོར་ཆེ་ཤོས་ཤིག་རེད། དེར་བརྟེན་འདམ་གཞུང་རྫོང་གིས་ཐོན་ཁུངས་ཁོར་ཡུག་གི་ཐེག་ནུས་དང་ད་ཡོད་གསར་སྤེལ་བྱེད་ཚད་དང་འཕེལ་རྒྱས་ཀྱི་གཏིང་ཤུགས་མི་འདྲ་བ་གཞིར་བཟུང་། རྫོང་གི་ཉམས་ཞན་གྱི་རང་བྱུང་སྐྱེ་ཁམས་དང་ཞིང་འབྲོག་ལས་འཕེལ་རྒྱས་ཀྱི་དོན་དངོས་གནས་ཚུལ་ལ་གཞིགས་ཏེ། སྐྱེ་ཁམས་ས་ཆར་ཚན་རིག་དང་མཐུན་པའི་སྒོ་ནས་ཇུས་འགོད་བྱས་པ་དང་། གཙོ་གནད་གསར་སྤེལ་ཁུལ་དང་། ཚོད་འཛིན་གསར་སྤེལ་ཁུལ། གཏན་འགོག་གསར་སྤེལ་ཁུལ་བཅས་ལུགས་མཐུན་དབྱེ་བ་དང་། གསར་སྤེལ་གྱི་སྒྲིག་སྲོལ་ཚད་ལྡན་དུ་བཏང་བ། གསར་སྤེལ་བྱེད་ཚད་ཚོད་འཛིན་བཅས་བྱས་ནས“རྒྱུད་གཅིག་ཁུལ་ལྔ་གཙོ་གནད་གསུམ”བཅས་ཀྱི་སྐྱེ་ཁམས་བཀོད་པ་བཏོད་པས། རྫོང་ཡོངས་ཀྱི་གྲོང་ཁྱེར་དང་གྲོང་རྡལ་ཅན་གྱི་ཆུ་ཚད་མངོན་གསལ་དོད་པོས་མཐོ་རུ་འགྲོ་བར་སྐུལ་འདེད་ཐུབ་པ་མ་ཟད། གྲོང་ཁྱེར་དང་གྲོང་རྡལ་གྱི་བར་མཐོངས་ཀྱི་བཀོད་པ་མངོན་གསལ་དོད་པོས་ལེགས་སུ་ཕྱིན་ཡོད།

དཔྱིད་དུས་ཀྱི་ཞོགས་པར་རྫོང་གྲོང་གི་བར་ནས་ཤང་ཤང་དུ་རྒྱུག་པའི་དྭངས་གཙང་གི་འདམ་ཆུས་ཆུ་ངོགས་སུ་ཆགས་པའི་འདམ་གཞུང་གི་མི་སེར་རྣམས་སྐྱོང་བཞིན་ཡོད། དེ་ནི་འདམ་གཞུང་རྫོང་གིས་ཆུ་དཔོན་དང་མཚོ་དཔོན་ལམ་ལུགས་དོན་འཁྱོལ་བྱས་པ་དང་ཆུའི་སྦགས་བཙོག་འགོག་བཅོས་ཀྱི་འགག་སྒོ་ནན་པོ་བསྲུངས་པ་དང་ཁ་གཏན་ནས་འབྲལ་ཐབས་མེད། འདམ་གཞུང་རྫོང་གིས“མི་དང་། ཆུ། རྩྭ་ཐང་། ནོར་ལུག”བཅས་ལ་དམ་པོར་དམིགས་ནས་རྩྭ་ཕྱུགས་དོ་སྙོམས་མཐའ་འཁྱོངས་ཀྱིས་རང་བྱུང་རྩྭ་ར་རྒྱུན་མཐུད་བེད་སྤྱོད་དང་འབྲོག་ལས་རྒྱུན་མཐུད་འཕེལ་རྒྱས་ཡོང་བར་བྱས་ཏེ། “རྩྭ་དང་ཆུ་བོར་སྲུང་སྐྱོང་བྱས་ནས་རྩྭ་ཆུ་འཛོམས་པ་དང་། ནོར་ལུག་ཤ་ཤེད་རྒྱས་པ། དམངས་ལ་འབབ་འཕར་ཡོང་བ”བཅས་ཀྱི་སྐྱེ་ཁམས་འཕེལ་རྒྱས་གཏོང་སྟངས་ཆགས་པར་བྱས་ཡོད།

ལྗང་མདོག་ཁྱིམ་གཞིས་བསྐྲུན་ཏེ་སྐྱེ་ཁམས་ལ་བརྟེན་ནས་མང་ཚོགས་ཕྱུག་འགྱུར་ཡོང་བ་བྱས་པ།

དྭངས་གཙང་གི་ཆུ་བོ་དང་། མཁའ་རླུང་གཙང་མ། ཁོར་ཡུག་མཛེས་པོ་བཅས་ནི་མི་སེར་གྱི་འཚོ་བ་དང་འབྲེལ་བ་ཟབ་མོ་ཡོད། ཉེ་བའི་ལོ་ཤས་རིང་འདམ་གཞུང་རྫོང་གིས་སྤུས་ཚད་མཐོ་བའི་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་རྒྱུ་དམ་འཛིན་བྱ་གཞིར་བྱས་ཏེ་འདམ་གཞུང་གི་དཔལ་འབྱོར་དང་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་འཚོལ་ཞིབ་བྱས་པས། མི་དམངས་མང་ཚོགས་སྔོ་ཤིང་དྭངས་པའི་རི་ཆུའི་ཁྲོད་ནས་རང་བྱུང་གི་མཛེས་ལྗོངས་དང་འཚོ་བ་སྐྱིད་པོ་མྱོང་རོལ་ཐུབ་པར་བྱས་པ་རེད།

སྙིང་གྲོང་ཤང་སྟོད་གླིང་གྲོང་ཚོར་འབྲོག་པ་ཆོས་དགའ་ཡི་ཁྱིམ་ཚང་འབྲོག་རས“ཁེ་ལས་དང་། མཉམ་ལས་ཁང་། ཁྱིམ་ཚང་འབྲོག་ར། འབྲོག་པ”བཅས་ཀྱི་བྱ་ཐབས་བརྒྱུད་ཕྱུགས་ཟོག་གི་ཐོན་ལས་འཁོར་འབྲེལ་ཧྲིལ་པོ་བཙུཌ་པ་དང་། ཕྱུགས་རིཌ་གསོ་ཚགས་གྲུབ་ཆ་ལུགས་མཐུན་དང་། སྐྱེ་ཁམས་ཁོར་ཡུག་བཟང་བའི་དེང་རབས་ཅན་གྱི་འབྲོག་ལས་ཀྱི་རྣམ་པ་གསར་པ་ཞིག་ཆགས་ཡོད།

“ཁྱིམ་ཚང་འབྲོག་ར་འཕེལ་རྒྱས་བཏང་བ་བརྒྱུད།

ང་ཚོས་ཚད་ལྡན་ཅན་གྱི་གསོ་ཚགས་ལག་རྩལ་ཤེས་ནས་འབྲོག་ཟོག་གི་འགྲན་རྩོད་ནུས་པ་ཡང་ཆེ་རུ་ཕྱིན་སོང།

གལ་ཆེ་ཤོས་ནི་རྩྭ་ཕྱུགས་དོ་སྙོམས་མེད་པའི་འགལ་ཟླ་བསལ་ནས་ཕ་ཚ་བུ་རྒྱུད་ལ་རྩྭ་ཆུ་འཛོམས་པའི་རྩྭ་ཐང་ཞིག་འཇོག་ཐུབ་སོང”ཞེས་ཆོས་དགའ་ཡིས་བརྗོད།

(རིག་རྡོར་དང་བསོད་ནམས་དཔའ་མོས་སྒྱུར་ཞུས་བྱས)