《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2021年05月05日

དུས་ཚིགས་དང་པོར་རང་ལྗོངས་ཀྱི་དངུལ་རྩའི་འཁོར་རྒྱུག་བརྟན་པོ་བྱུང་བ།

སྤྱི་ཚོགས་ཀྱི་མ་དངུལ་བསྡུ་སྒྲིལ་བྱེད་ཁྱོན་སྒོར་དུང་ཕྱུར་6722.04ཟིན་པ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་གནས་ཚུལ་འབྱོར་གསལ། གསར་འགོད་པར་ཉེ་ཆར་ཀྲུང་གོ་མི་དམངས་དངུལ་ཁང་ལྷ་ས་ལྟེ་བའི་ཉིང་ལག་དངུལ་ཁང་གི་གསར་འགྱུར་བརྡ་གཏོང་ཚོགས་འདུ་ནས་ཤེས་རྟོགས་བྱུང་བར། དུས་ཚིགས་དང་པོར་ལྗོངས་ཡོངས་ཀྱི་དངུལ་རྩའི་ཁོངས་གཏོགས་ཀྱིས་དངུལ་རྩའི་ཞབས་འདེགས་ནུས་ཤུགས་ཡོད་རྒུས་ལེགས་སུ་བཏང་བ་དང་ཡིད་རྟོན་དངུལ་བུན་གྱི་གྲུབ་ཆ་ལེགས་སུ་བཏང་བས་དངུལ་རྩ་འཁོར་རྒྱུག་བརྟན་པོ་བྱུང་ཡོད།

སྤྱི་ཚོགས་ཀྱི་མ་དངུལ་བསྡུ་སྒྲིལ་བྱེད་ཁྱོན་བརྟན་པོའི་ངང་འཕར་ཞིང་། ཟླ་3པའི་ཟླ་མཇུག་བར་ལྗོངས་ཡོངས་ཀྱི་སྤྱི་ཚོགས་ཀྱི་མ་དངུལ་བསྡུ་སྒྲིལ་བྱེད་ཁྱོན་སྒོར་དུང་ཕྱུར་6722.04ཟིན་པ་དེ་དུས་མཚུངས་ལས་8.09%འཕར་བ་དང་། ཟླ་དང་པོ་ནས་གསུམ་པའི་བར་སྤྱི་ཚོགས་ཀྱི་མ་དངུལ་བསྡུ་སྒྲིལ་བྱེད་ཁྱོན་འཕར་ཚད་སྒོར་དུང་ཕྱུར་194.79ཟིན་པ་དེ་དུས་མཚུངས་ལས་སྒོར་དུང་ཕྱུར་12.35འཕར་ཡོད། སྤྱི་ཚོགས་ཀྱི་མ་དངུལ་བསྡུ་སྒྲིལ་བྱེད་ཁྱོན་འཕར་ཚད་དང་མིང་ཐོག་དཔལ་འབྱོར་འཕར་ཚད་གཞི་རྩའི་ཆ་ནས་ཆ་སྙོམས་བྱུང་སྟེ་དཔལ་འབྱོར་འཕེལ་རྒྱས་ལ་ཅུང་ལེགས་པའི་སྒོ་ནས་རྒྱབ་སྐྱོར་བྱེད་ཐུབ་ཡོད།

ཟླ་3པའི་ཟླ་མཇུག་བར་ལྗོངས་ཡོངས་ཀྱི་མི་དམངས་ཤོག་སྒོར་དང་ཕྱི་དངུལ་གྱི་བཅོལ་དངུལ་ལྷག་གྲངས་ཁག་སྒོར་དུང་ཕྱུར་4989.43ཟིན་པ་དེ་དུས་མཚུངས་ལས་2.25%འཕར་བ་དང་། སྡེ་ཚན་དབྱེ་ནས་བལྟས་ན། དུད་ཚང་གི་བཅོལ་དངུལ་དུས་མཚུངས་ལས་9.88%འཕར་བ་དང་འཕར་ཚད་ལོ་གོང་མའི་དུས་མཚུངས་དང་སྤྱིར་ན་གཅིག་མཚུངས་རེད། དངུལ་རྩ་མིན་པའི་ཁེ་ལས་ཀྱི་བཅོལ་དངུལ་དུས་མཚུངས་ལས་4.46%འཕར་བ་དང་འཕར་ཚད་དུས་མཚུངས་ལས་བརྒྱ་ཆའི་གྲངས་0.73གྱིས་མཐོ་བ་ཡོད། ནོར་སྲིད་རང་བཞིན་གྱི་བཅོལ་དངུལ་དུས་མཚུངས་ལས་14.83%འཕར་ཡོད། དུས་བཅད་དབྱེ་ནས་བལྟས་ན། དུས་སྒོ་ངེས་མེད་ཀྱི་བཅོལ་དངུལ་དུས་མཚུངས་ལས་0.59%འཕར་ཡོད། དུས་བཀག་བཅོལ་དངུལ་དུས་མཚུངས་ལས་21.34%འཕར་བ་དང་འཕར་ཚད་དུས་མཚུངས་ལས་བརྒྱ་ཆའི་གྲངས་29.02ཀྱིས་མཐོ་བ་ཡོད།