《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2021年05月01日

ཀྲུང་གོའི་བར་སྣང་ས་ཚིགས་ཐན་ཧོ་གྲུ་ཚང་ཨ་མ་ འཕེན་གཏོང་ལས་འགན་ལེགས་གྲུབ་བྱུང་བ།

ཟླ་4ཚེས་29ཉིན་གྱི་ཆུ་ཚོད་11དང་སྐར་མ་23ལ། ཀྲུང་གོའི་བར་སྣང་ས་ཚིགས་ཐན་ཧོ་གྲུ་ཚང་ཨ་མ་རང་རྒྱལ་གྱི་ཝུན་ཁྲང་འཇིག་རྟེན་འཕུར་སྐྱོད་འཕེན་གཏོང་ཁུལ་ནས་མཁའ་དབྱིངས་སུ་འཕེན་གཏོང་བྱས་པ་དང་སྔོན་གཏན་འཁེལ་བའི་འཁོར་ལམ་ཐོག་གནད་ལ་འཁེལ་པོས་འབྱོར་ནས་ལས་འགན་ལེགས་གྲུབ་བྱུང་བ།

ལི་ཁེ་ཆང་དང་ཝང་ཧུའུ་ཉིང་གིས་པེ་ཅིང་ནས་འཕེན་གཏོང་གི་གནས་ཚུལ་དངོས་ལ་གཟིགས་པ།

རྟེན་འབྲེལ་ཞུ་བའི་གློག་འཕྲིན།

མི་བཞུགས་འཇིག་རྟེན་འཕུར་སྐྱོད་ལས་གྲྭའི་བར་སྣང་ས་ཚིགས་དུས་མཚམས་ཀྱི་འཕུར་སྐྱོད་ལས་འགན་གྱི་སྤྱི་ཁྱབ་བཀོད་འདོམས་པུའུ་དང་ཐན་ཧོ་གྲུ་ཚང་ཨ་མ་འཕེན་གཏོང་ལས་འགན་ནང་ཞུགས་མཁན་ཞིབ་འཇུག་དང་ཚོད་ལྟ་བྱེད་མཁན་ཚན་པ་དང་བློ་མཐུན་ཡོངས་ལ།

བར་སྣང་ས་ཚིགས་ཐན་ཧོ་གྲུ་ཚང་ཨ་མ་འཕེན་གཏོང་ལེགས་གྲུབ་བྱུང་བའི་དུས་འདིར། ངས་ཏང་ཀྲུང་དབྱང་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་། ཀྲུང་དབྱང་དམག་ཨུད་བཅས་ཀྱི་ཚབ་ཞུས་ནས་ཁྱེད་ཚོར་སྤྲོ་སེམས་འཁོལ་བའི་རྟེན་འབྲེལ་དང་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་ཞུ་རྒྱུ་ཡིན།

བར་སྣང་ས་ཚིགས་བཟོ་སྐྲུན་དང་རྒྱལ་ཁབ་ཀྱི་བར་སྣང་ཚོད་ལྟ་ཁང་སྐྲུན་ཟིན་པ་ནི་རང་རྒྱལ་གྱི་མི་བཞུགས་འཇིག་རྟེན་འཕུར་སྐྱོད་ལས་གྲྭ་དེ“གོམ་སྟབས་གསུམ”ལ་དབྱེ་ནས་ལག་ལེན་བསྟར་བའི་འཐབ་ཇུས་ཀྱི་གལ་ཆེའི་དམིགས་ཚད་ཅིག་དང་ཚན་རྩལ་སྟོབས་ཆེའི་རྒྱལ་ཁབ་དང་འཇིག་རྟེན་འཕུར་སྐྱོད་སྟོབས་ཆེའི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་སྣེ་ཁྲིད་རང་བཞིན་གྱི་ལས་གྲྭ་གལ་ཆེན་ཞིག་ཡིན། ཐན་ཧོ་གྲུ་ཚང་ཨ་མ་འཕེན་གཏོང་ལེགས་གྲུབ་བྱུང་བའི་ཐོག་ནས། རང་རྒྱལ་གྱི་བར་སྣང་ས་ཚིགས་བཟོ་སྐྲུན་ཁྱོན་ཡོངས་ནས་ལག་ལེན་བསྟར་བའི་དུས་རིམ་ལ་སླེབས་ཏེ་རྗེས་མཐུད་ལས་འགན་བསྒྲུབ་རྒྱུར་རྨང་གཞི་བརྟན་པོ་བཏིངས་པ་མཚོན་གྱི་ཡོད། ཁྱེད་ཚོས“མདེལ་གཉིས་དང་སྲུང་སྐར་གཅིག”གི་སྙིང་སྟོབས་དང་མི་བཞུགས་འཇིག་རྟེན་འཕུར་སྐྱོད་ཀྱི་སྙིང་སྟོབས་དར་སྤེལ་ཤུགས་ཆེན་བཏང་སྟེ། རང་བརྟེན་རང་འབད་དང་གསར་སྐྲུན་ཚད་བརྒལ་གྱི་ཐོག་ནས་བར་སྣང་ས་ཚིགས་བཟོ་སྐྲུན་ལས་འགན་ཁྱོན་ཡོངས་ནས་ལེགས་སྒྲུབ་བྱས་ཏེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱ་ཆེད་ལེགས་སྐྱེས་གསར་པ་སྔར་ལས་ཆེ་བ་འབུལ་རྒྱུའི་རེ་བ་ཡོད།

ཞི་ཅིན་ཕིང་གིས།

2021ལོའི་ཟླ་4ཚེས་29ཉིན།

(ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་4ཚེས་29ཉིན་འབྱོར་བའི་གློག་འཕྲིན)

ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་4ཚེས་29ཉིན་གློག་འཕྲིན་འབྱོར་གསལ། ཟླ་4ཚེས་29ཉིན་གྱི་ཆུ་ཚོད་11དང་སྐར་མ་23ལ། ཀྲུང་གོའི་བར་སྣང་ས་ཚིགས་ཐན་ཧོ་གྲུ་ཚང་ཨ་མ་འཕེན་གཏོང་བྱས་པ་དང་སྔོན་གཏན་འཁེལ་བའི་འཁོར་ལམ་ཐོག་གནད་ལ་འཁེལ་པོས་འབྱོར་ནས་ལས་འགན་ལེགས་གྲུབ་བྱུང་བ་རེད། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་རྟེན་འབྲེལ་གློག་འཕྲིན་བཏང་གནང་ཞིང་། ཁོང་གིས་ཏང་ཀྲུང་དབྱང་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་། ཀྲུང་དབྱང་དམག་ཨུད་བཅས་ཀྱི་ཚབ་ཞུས་ཏེ། མི་བཞུགས་འཇིག་རྟེན་འཕུར་སྐྱོད་ལས་གྲྭའི་བར་སྣང་ས་ཚིགས་དུས་མཚམས་ཀྱི་འཕུར་སྐྱོད་ལས་འགན་གྱི་སྤྱི་ཁྱབ་བཀོད་འདོམས་པུའུ་དང་ཐན་ཧོ་གྲུ་ཚང་ཨ་མ་འཕེན་གཏོང་ལས་འགན་ནང་ཞུགས་མཁན་ཞིབ་འཇུག་དང་ཚོད་ལྟ་བྱེད་མཁན་ཚན་པ་དང་བློ་མཐུན་ཡོངས་ལ། སྤྲོ་སེམས་འཁོལ་བའི་རྟེན་འབྲེལ་དང་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་ཞུས་པ་རེད།

ཞི་ཅིན་ཕིང་གིས་རྟེན་འབྲེལ་གློག་འཕྲིན་ནང་། བར་སྣང་ས་ཚིགས་བཟོ་སྐྲུན་དང་རྒྱལ་ཁབ་ཀྱི་བར་སྣང་ཚོད་ལྟ་ཁང་སྐྲུན་ཟིན་པ་ནི་རང་རྒྱལ་གྱི་མི་བཞུགས་འཇིག་རྟེན་འཕུར་སྐྱོད་ལས་གྲྭ་དེ“གོམ་སྟབས་གསུམ”ལ་དབྱེ་ནས་ལག་ལེན་བསྟར་བའི་འཐབ་ཇུས་ཀྱི་གལ་ཆེའི་དམིགས་ཚད་ཅིག་དང་ཚན་རྩལ་སྟོབས་ཆེའི་རྒྱལ་ཁབ་དང་འཇིག་རྟེན་འཕུར་སྐྱོད་སྟོབས་ཆེའི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་སྣེ་ཁྲིད་རང་བཞིན་གྱི་ལས་གྲྭ་གལ་ཆེན་ཞིག་ཡིན། ཐན་ཧོ་གྲུ་ཚང་ཨ་མ་འཕེན་གཏོང་ལེགས་གྲུབ་བྱུང་བའི་ཐོག་ནས། རང་རྒྱལ་གྱི་བར་སྣང་ས་ཚིགས་བཟོ་སྐྲུན་ཁྱོན་ཡོངས་ནས་ལག་ལེན་བསྟར་བའི་དུས་རིམ་ལ་སླེབས་ཏེ་རྗེས་མཐུད་ལས་འགན་བསྒྲུབ་རྒྱུར་རྨང་གཞི་བརྟན་པོ་བཏིངས་པ་མཚོན་གྱི་ཡོད།

(པར་ངོས་བཞི་པར་གཟིགས)

(པར་ངོས་དང་པོར་མཐུད) ཁྱེད་ཚོས“མདེལ་གཉིས་དང་སྲུང་སྐར་གཅིག”གི་སྙིང་སྟོབས་དང་མི་བཞུགས་འཇིག་རྟེན་འཕུར་སྐྱོད་ཀྱི་སྙིང་སྟོབས་དར་སྤེལ་ཤུགས་ཆེན་བཏང་སྟེ། རང་བརྟེན་རང་འབད་དང་གསར་གཏོད་ཚད་བརྒལ་བྱས་ཐོག བར་སྣང་ས་ཚིགས་བསྐྲུན་པའི་ལས་འགན་ཁྱོན་ཡོངས་ནས་ལེགས་སྒྲུབ་བྱས་ཏེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱ་ཆེད་ལེགས་སྐྱེས་གསར་པ་དེ་བས་ཆེ་བ་འབུལ་རྒྱུའི་རེ་བ་ཡོད་ཅེས་བསྟན་གནང་ཡོད་པ་རེད།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་དང་ཀྲུང་དབྱང་ཧྲུའུ་ཅི་ཁྲུའི་ཧྲུའུ་ཅི་ཝང་ཧུའུ་ཉིང་གིས་པེ་ཅིང་འཇིག་རྟེན་འཕུར་སྐྱོད་ཚོད་འཛིན་ལྟེ་གནས་ནས་འཕེན་གཏོང་གི་གནས་ཚུལ་དངོས་གཟིགས་པ་རེད།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་དང་ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་གཞོན་པ་ཀྲང་ཡིའུ་ཞ་ཡིས་ཧའེ་ནན་ཝུན་ཁྲང་འཇིག་རྟེན་འཕུར་སྐྱོད་འཕེན་གཏོང་ཁུལ་ནས་ཞི་ཅིན་ཕིང་གི་རྟེན་འབྲེལ་གློག་འཕྲིན་སྒྲོག་སྦྱངས་གནང་བ་རེད།

ཀྲུང་གོའི་བར་སྣང་ས་ཚིགས་ནི་ཀྲུང་གོས་རང་ཚུགས་རང་བརྟེན་གྱིས་བཟོས་པ་དང་གཉེར་སྐྱོང་བྱེད་པའི་མི་བཞུགས་བར་སྣང་ས་ཚིགས་ཤིག་ཡིན་ཞིང་། དེ་ཐན་ཧོ་གྲུ་ཚང་ཨ་མ་དང་། མཁའ་འདྲི་ཚོད་ལྟའི་གྲུ་ཚང་། མོང་ཐན་ཚོད་ལྟའི་གྲུ་ཚང་བཅས་གྲུ་ཚང་གསུམ་ལས་གྲུབ་ཡོད། ཐན་ཧོ་གྲུ་ཚང་ཨ་མ་ནི་བར་སྣང་ས་ཚིགས་ཀྱི་དོ་དམ་དང་ཚོད་འཛིན་ལྟེ་གནས་ཤིག་དང་། འཕེན་གཏོང་བྱས་ནས་འཁོར་ལམ་ཐོག་ཞུགས་པའི་བར་སྣང་ས་ཚིགས་ཀྱི་གྲུ་ཚང་དང་པོ་དེ་རེད། ལས་འགན་བཀོད་སྒྲིག་བྱས་པ་ལྟར་ན། བར་སྣང་ས་ཚིགས་2022ལོར་འཁོར་ལམ་ཐོག་བསྐྲུན་རྒྱུའི་ལས་འགན་ལེགས་སྒྲུབ་བྱ་རྩིས་ཡོད་ཅིང་། དེར་དུས་ཡུན་རིང་པོར་སའི་གོ་ལ་དང་བར་ཐག་ཉེ་བའི་བར་སྣང་ཁམས་སུ་ཚན་རིག་ཚོད་ལྟ་དང་ལག་རྩལ་ཚོད་ལྟ་བྱེད་ཐུབ་པ་དང་། བར་སྣང་ཁམས་ཀྱི་ཐོན་ཁུངས་ཕྱོགས་བསྡུས་གསར་སྤེལ་དང་བེད་སྤྱོད་ཐུབ་པའི་ནུས་པ་ལྡན་ཞིང་། དེ་ནས་བཀོལ་སྤྱོད་དང་འཕེལ་རྒྱས་ཀྱི་དུས་མཚམས་སུ་བརྗེ་སྒྱུར་ཐུབ་རྒྱུ་ཡིན་པ་རེད། (སྤེན་ཚེ་དང་བསྟན་བཟང་གིས་སྒྱུར་ཞུས་བྱས)