《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2021年05月01日

རྒྱ་རྩིས་ཆེ་མོའི་བོད་འགྱུར་སྐོར་ལ་རགས་ཙམ་དཔྱད་པ།

དེ་ཡང་སྤྱི་ལོའི་དུས་རབས་བཅོ་བརྒྱད་པའི་དུས་སུ་བོད་དུ་སྔ་ཕྱིར་རྒྱ་རྩིས་ཐེངས་གཉིས་བསྒྱུར་ཞིང་། ཐེངས་སོ་སོར་བསྒྱུར་བའི་གཞུང་གི་མ་ཕྱིའི་བྱེད་པོ་མི་འདྲ་བའི་ཁར། རྒྱས་བསྡུས་ཀྱི་དབྱེ་བ་ཡོད་ཅིང་། གཞུང་དེ་གཉིས་བོད་སྐད་དུ་བསྒྱུར་བའི་དུས་ལའང་སྔ་ཕྱིའི་ཁྱད་པར་ཡོད། འདིར་གཞུང་དེ་གཉིས་ལས་ཅུང་རྒྱས་པའི་རྩིས་གཞུང་སྟེ་རྒྱ་རྩིས་ཆེ་མོར་གྲགས་པ་དེ་ཉིད་བོད་སྐད་དུ་ཇི་ལྟར་བསྒྱུར་བའི་ཚུལ་ལ་རགས་ཙམ་དཔྱད་པར་བྱ།

དང་པོ། དུས་ནམ་བསྒྱུར་བའི་སྐོར་བཤད་པ།

རྒྱ་རྩིས་ཆེ་མོར་གྲགས་པའམ་སྐབས་དེ་དུས་བོད་སྐད་དུ《འཇམ་དབྱངས་བདེ་ལྡན་རྒྱལ་པོས་མཛད་པའི་རྒྱ་རྩིས་བོད་སྐད་དུ་བསྒྱུར་པ》ཞེས་བྱ་བ་འདིའི་མ་ཕྱི་ནི་ཆིང་རྒྱལ་རབས་ཀྱིས་སྤྱི་ལོ1645ལོར་ལག་བསྟར་བྱས་པའི་རྩིས་གཞུང་ནུབ་གླིང་རྩིས་གསར་རམ་དུས་ཚད་ཀྱི་རྩིས་ཞེས་པ་དེ་ཡིན་ཞིང་། གཞུང་དེ་ཉིད་རྒྱ་གཞུང་ནས་ཐད་ཀར་བོད་སྐད་དུ་བསྒྱུར་བ་ཞིག་མ་ཡིན་པར། རྒྱ་ཡིག་གི་མ་དཔེ《ནུབ་གླིང་རྩིས་གསར》རམ《དུས་ཚད་ཀྱི་རྩིས》དེ་དང་ཐོག་སོག་ཡིག་ཏུ་བསྒྱུར་བ་དང་། དེ་རྗེས་སོག་ཡིག་ནས་བོད་སྐད་དུ་བསྒྱུར་བ་ཡིན་ཏེ། གཞུང་འདིའི་བོད་ཡིག་གི་བསྒྱུར་བྱང་ནང“དེ་ནས་བོད་སྐད་དུ་ཇི་ལྟར་བསྒྱུར་བ་ནི། འཇམ་དབྱངས་གོང་མ་རང་ཉིད་ཀྱི་སློབ་མ་ལུགས་འདི་ལ་མཁས་པར་སྦྱངས་པའི་དགེ་སློང་ངག་དབང་བློ་བཟང་དང་། དགེ་སློང་བསྟན་པ་རྒྱལ་མཚན་གཉིས་གསེར་ཡིག་ཏུ་མངགས་ཏེ། རྗེ་བཙུན་དམ་པ་ཧོ་ཐོག་ཐུ་ལ་སོག་སྐད་དུ་བསྒྱུར་བའི་རྩིས་དཔེ་རྣམས་གནང་ནས་བོད་ཡིག་ཏུ་བསྒྱུར་ཅིག་ཅེས་བཀའ་སྩལ་བར་བརྟེན”ཞེས་འཁོད་པ་ལས་ཤེས་ཐུབ་ཅིང་། སོག་ཡིག་གང་ལས་བསྒྱུར་བའི་མ་དཔེ་དེ་གོང་སྨོས《ནུབ་གླིང་རྩིས་གསར》﹙新法算书﹚ཡིན་པར་ངེས་སོ་ཞེས་སྐུ་ཞབས་ཧོང་མིན་ཤིན་གྱིས་གསུངས།

ད་ནི་སྐབས་བབ་ཀྱི་བརྗོད་དོན་ཏེ་རྒྱ་རྩིས་ཆེ་མོའམ《འཇམ་དབྱངས་བདེ་ལྡན་རྒྱལ་པོས་མཛད་པའི་རྒྱ་རྩིས་བོད་སྐད་དུ་བསྒྱུར་པ》ཞེས་བྱ་བ་འདི་ཉིད་དུས་ནམ་ཞིག་ལ་བསྒྱུར་བའི་སྐོར་བརྗོད་པར་བྱ་སྟེ། དེ་ཡང་། གཞུང་དེ་གའི་བོད་ཡིག་དཔར་མའི་བསྒྱུར་བྱང་གི་མཇུག་ཏུ“ཡིག་མཁན་དགེ་སློང་ངག་དབང་ཆོས་འབྱུང་སོགས་ཡིག་རིག་པ་དུ་མ་དང་བཅས་པས་བློ་ནུས་ལ་དཔག་པའི་ཞུ་དག་ལེཊ་པར་བྱས་ནས་ཏའི་ཆིང་བདེ་ལྡན་ལོ་ང་བཞི་པ་ཤིང་མོ་ལུག་སྤྱི་ལོ་1715ལོར་དཔར་དུ་བཀོད་པ་ཡིན་ནོ”ཞེས་འཁོད་པ་ལས་རྒྱ་རྩིས་ཆེན་མོར་གྲགས་པ་འདི་ཉིད་བོད་སྐད་དུ་བསྒྱུར་ཟིན་པ་ཙམ་མ་ཟད། ཞུ་དག་ཀྱང་རྫོགས་པར་ཟིན་ནས་མཐར་པར་དུ་བཀོད་པའི་དུས་ཚོད་ནི་སྤྱི་ལོ་1715ལོར་ཡིན་པ་གསལ་བར་ཤེས་ཐུབ། དེས་ན་གཞུང་དེ་ཉིད་དངོས་སུ་བོད་སྐད་དུ་བསྒྱུར་འགོ་ཚུགས་པའི་དུས་ནི་སྤྱི་ལོ1715ལོའི་སྔ་རོལ་དུ་ཡིན་པར་གོར་མ་ཆག་ཀྱང་། ཡང་སྙིང་དེའི་སྔོན་གྱི་དུས་ནམ་ཞིག་ལ་བསྒྱུར་འགོ་ཚུགས་པའི་སྐོར་བོད་ཡིག་གི་དཔར་མའི་འགྱུར་བྱང་དུ་གསལ་པོ་འཁོད་མེད། འོན་ཀྱང་། གོང་དུ་བཤད་མ་ཐག་པ་ལྟར་བོད་སྐད་དུ《འཇམ་དབྱངས་བདེ་ལྡན་རྒྱལ་པོས་མཛད་པའི་རྒྱ་རྩིས་བོད་སྐད་དུ་བསྒྱུར་པ》ཞེས་བྱ་བ་འདི་ཉིད་རྒྱ་ཡིག་གི་མ་དཔེ་ལས་ཐད་ཀར་བོད་སྐད་དུ་བསྒྱུར་བ་ཞིག་མིན་པར་སོག་ཡིག་ལས་བོད་སྐད་དུ་བསྒྱུར་བ་ཞིག་ཡིན་ཙ་ན། གཞུང་དེའི་སོག་ཡིག་གི་དཔར་བྱང་མཇུག་ཏུ“བདེ་ལྡན་ཁྲི་ལོ་ལྔ་བཅུ་དང་ཟླ་བ་བརྒྱད་པའི་ཚེས་བརྒྱད་ཉིན་རྒྱ་ཡིག་ལས་བསྒྱུར”ཞེས་བྱུང་བ་དང་། སྐུ་ཞབས་ཧོང་མིན་ཤིན་གྱིས“སོག་ཡིག་གི་འགྱུར་མ་ནི་བདེ་ལྡན་ཁྲི་ལོ་ང་གཅིག་པ་སྤྱི་ལོ་1711ལོར་བསྒྱུར་ཟིན་ནས་དཔར་དུ་བཀོད་པ་ཡིན”ཞེས་གསུངས་པ་དེ་གཉིས་ཧ་ལམ་དུས་གཅིག་ཏུ་འགྲིག་པ་ཡིན་ཏེ། སྐུ་ཞབས་ཧོང་མིན་ཤིན་གྱིས་བཀོད་གནང་བའི་དུས་ཚིགས་དེ་ནི་ཟླ་ཚེས་སོགས་གསལ་པོར་མ་འཁོད་པར་ལོ་ཧྲིལ་པོའི་ཚུལ་གྱིས་གསུངས་པ་ཡིན་པས། དེས་ན་ཁོ་བོའི་བསམ་པར《འཇམ་དབྱངས་བདེ་ལྡན་རྒྱལ་པོས་མཛད་པའི་རྒྱ་རྩིས་བོད་སྐད་དུ་བསྒྱུར་པ》ཞེས་ཡོངས་གྲགས་སུ་རྒྱ་རྩིས་ཆེ་མོར་གྲགས་པ་དེ་ཉིད་སྤྱི་ལོ་1711ལོའི་མཇུག་ཙམ་ནས་སྒྱུར་འགོ་ཚུགས་ཤིང་། སྤྱི་ལོ་1715ལོར་པར་དུ་བཏབ་ཟིན་ནས། གཞུང་འདི་ཉིད་བོད་སྐད་དུ་ལོ་ཙཱ་དང་ཞུ་དག་བྱས་པར་དུས་ཡུན་ལོ་ངོ་བཞི་ཙམ་འགོར་བར་སེམས་སོ།

མཚམས་འདིར་ཞུ་དགོས་པ་ཞིག་ལ་གོང་གི་ལུང་འདྲེན་དཔྱད་ཡིག་ནང་སྐུ་ཞབས་ཧོང་མིན་ཤིན་གྱིས《ནུབ་གླིང་རྩིས་གསར》གྱི་སྐད་དོད་རྒྱ་སྐད་དུ《新法算书》ཞེས་སྦྱར་བ་དེ་ནི་དུས་ཀྱི་སྔ་ཕྱིའི་ཐད་ནས་མི་འཐད་པར་མཐོང་། གང་ཡིན་ཟེར་ན། མ་གཞི་ཐ་སྙད་དེ་གཉིས་གཞུང་གཅིག་ལ་བཏགས་པའི་དོན་གཅིག་མིང་གི་རྣམ་གྲངས་ཡིན་པས་ནང་དོན་ཐད་འགལ་བ་ཡོང་མི་སྲིད་མོད། འོན་ཀྱང་། མིང་དེ་གཉིས་འདོགས་སྐབས་ཀྱི་དུས་ལ་སྔ་ཕྱིའི་ཁྱད་པར་ཡོད་དེ། 《ནུབ་གླིང་རྩིས་གསར》ཞེས་པ་དེ་ནི་སྤྱི་ལོ་1644ལོར་ཐང་རའོ་ཝང་གིས་བཏགས་པ་ཞིག་ཡིན་པ་དང་། 《新法算书》ཞེས་པའི་མིང་དེ་ཆིང་རྒྱལ་རབས་ཀྱི་གོང་མ་ཆན་ལུང(1711—1799)གི་སྐབས་སུ་དམིགས་བསལ་གྱི་དགོས་དབང་ལ་གཞིགས་ནས་བཏགས་པ་ཡིན་པས། 《ནུབ་གླིང་རྩིས་གསར》བོད་སྐད་དུ་བསྒྱུར་སྐབས《新法算书》ཞེས་པའི་མིང་དེ་ད་དུང་བྱུང་མེད། 《ནུབ་གླིང་རྩིས་གསར》གྱི་སྐད་དོད་དངོས་ནི《西洋新法历书》ཞེས་པ་འདི་ཡིན་ནོ། དེས་ན་དེ་གཉིས་མཉམ་དུ་འདྲེས་ན་དོགས་པའི་གཞིར་འགྱུར་བར་དོགས་ནས་ཕྱི་རབས་པ་རྣམས་ལ་ཕན་རེའི་ཀུན་སློང་བསྐྱེད་དེ་ཟུར་ཙམ་བརྗོད་པ་མ་གཏོགས། བློ་རིག་ཁབ་མིག་ལས་དོག་པའི་རྨོངས་རྒན་བདག་ལ་ཆེད་མངགས་སྐུ་ཞབས་ཧོང་མིན་ཤིན་གྱི་སྐྱོན་ཆ་འཚོལ་བའི་སྤོབས་པ་ཅི་ཡང་མི་འབྱུང་བ་ཡིན་ནོ།

གཉིས་པ། སྒྱུར་མཁན་གྱི་ལོ་ཙཱ་བ་བཤད་པ།

ད་ནི་སྤྱི་ལོ་1711ལོ་ནས་སྤྱི་ལོ་1715ལོའི་བར《འཇམ་དབྱངས་བདེ་ལྡན་རྒྱལ་པོས་མཛད་པའི་རྒྱ་རྩིས་བོད་སྐད་དུ་བསྒྱུར་པ》ཞེས་བྱ་བའི་འགྱུར་གཞུང་འདིའི་ལོ་ཙཱའི་བྱ་བར་ཞུགས་མཁན་གྱི་སྐད་གཉིས་སྨྲ་བ་དག་བཤད་པར་བྱ་བ་ལ་དོན་ཚན་གཉིས་ཡོད་དེ། ལོ་ཙཱ་བའི་མཚན་མདོར་བསྟན་པ་དང་། མཚན་དང་འབྲེལ་བའི་གནད་དོན་བཤད་པ་གཉིས་སོ།

དང་པོ་ནི། འགྱུར་གཞུང་དེའི་འགྱུར་བྱང་དུ་གསལ་བ་ལྟར་བཀོད་ན་འདི་ལྟ་སྟེ། “དེ་ནས་བོད་སྐད་དུ་ཇི་ལྟར་བསྒྱུར་བ་ནི། འཇམ་དབྱངས་གོང་མ་རང་ཉིད་ཀྱི་སློབ་མ་ལུགས་འདི་ལ་མཁས་པར་སྦྱངས་པའི་དགེ་སློང་ངག་དབང་བློ་བཟང་དང་། དགེ་སློང་བསྟན་པ་རྒྱལ་མཚན་གཉིས་གསེར་ཡིག་ཏུ་མངགས་ཏེ། རྗེ་བཙུན་དམ་པ་ཧོ་ཐོག་ཐུ་ལ་སོག་སྐད་དུ་བསྒྱུར་བའི་རྩིས་དཔེ་རྣམས་གནང་ནས་བོད་ཡིག་ཏུ་སྒྱུར་ཅིག་ཅེས་བཀའ་སྩལ་བ་ལ་བརྟེན། སྐྱེས་ཆེན་དམ་པ་དེ་ཉིད་ཀྱིས་གཙོ་བོ་མཛད་དེ་ཧུ་བིལ་ལ་གན་རབ་འབྱམས་པ། གུན་པཎྜི་ཏ། ཨེར་ཏེ་ནི་བྷི་ལིག་ཐུ་རྣམས་ཀྱིས་བསྒྱུར་ཅིང་། ཡིག་མཁན་གྲགས་པ་སོགས་ཡིག་རིག་པ་དུ་མ་དང་བཅས་པས་གླེགས་བམ་དུ་བཅོས་ཏེ་གོང་མའི་ཕྱག་ཏུ་འབུལ་བར་མཛད”ཅེས་སོ། འགྱུར་བྱང་དེའི་ནང་སྐབས་དེ་དུས་ནུབ་གླིང་རྩིས་གསར་བོད་སྐད་དུ་སྒྱུར་མཁན་གྱི་ལོ་ཙཱ་བ་དག་གསལ་བར་འཁོད་ཡོད་དེ། རྗེ་བཙུན་དམ་པ་ཧོ་ཐོག་ཐུ། ཧུ་བིལ་ལ་གན་རབ་འབྱམས་པ། གུན་པཎྜི་ཏ། ཨེར་ཏེ་ནི་བྷི་ལིག་ཐུ་རྣམས་སོ།

གཉིས་པ་བཤད་པ་ལ། དེ་ཡང་རྒྱ་རྩིས་ཆེ་མོ་བོད་སྐད་དུ་སྒྱུར་སྐབས་ཐུགས་འགན་གཙོ་བོར་བཞེས་ནས་ལོ་ཙཱའི་ཕྱག་ལས་ལ་འཇུག་མཁན་གྱི་ལོ་ཙཱ་བ་རྗེ་བཙུན་དམ་པ་ཧོ་ཐུག་ཐུ་གང་ཉིད་ཀྱི་སྐོར་ལ་སྐུ་ཞབས་ཧོང་མིན་ཤིན་གྱིས“སོག་སྐད་ལས་བོད་ཡིག་ཏུ་བསྒྱུར་བའི་ལོ་ཙཱ་བ་གཙོ་བོ་རྗེ་བཙུན་དམ་པ་ཧོ་ཐོག་ཐུ་ཞེས་པ་ལོ་ཚིགས་ལ་དཔག་ན་ཏཱ་ལའི་ལྔ་པའི་སློབ་མ་ཁལ་ཁ་རྗེ་བཙུན་དམ་པ་སྐུ་ཕྲེང་ཐོག་མ་ཤེས་རབ་སྙིང་པོ་དེ་ཉིད་ཡིན། དམ་པ་འདི་ཉིད་རབ་དྲག་ཤིང་ཕག་སྤྱི་ལོ1635ལོར་འཁྲུངས། རྩིས་དཔེ་འདི་སྒྱུར་དུས་དགུང་ལོ་མཐོན་པོ་བརྒྱད་ཅུ་ལ་ཉེའོ”ཞེས་གསུངས་པ་དང་། མཁས་པའི་དབང་པོ་དུང་དཀར་བློ་བཟང་འཕྲིན་ལས་མཆོག་གིས“ཁལ་ཁ་སྐུ་ཕྲེང་དང་པོ་ནི་ཁལ་ཁ་རྗེ་བཙུན་དམ་པ་བློ་བཟང་བསྟན་པའི་རྒྱལ་མཚན་ཞེས་བྱ་བ་འདི་ཉིད་ཡིན་ཞིང་། ཁོང་ནི་རབ་བྱུང་བཅུ་གཅིག་པའི་ཤིང་ཕག་སྤྱི་ལོ་1635ལོར་སྐུ་འཁྲུངས། དགུང་ལོ་བཅུ་བདུན་ཐོག་ཏཱ་ལའི་བླ་མ་རིན་པོ་ཆེ་སྐུ་ཕྲེང་ལྔ་པར་མཇལ་ཏེ་མདོ་སྔགས་ཀྱི་ཆོས་མང་དུ་གསན་ནས་རང་ཡུལ་དུ་ཕེབས”ཞེས་གསུངས་སོ། གོང་གི་གསུང་ཚུལ་གཉིས་ཀྱི་ནང་སྔ་མར་ཁལ་ཁ་རྗེ་བཙུན་དམ་པ་སྐུ་ཕྲེང་ཐོག་མ་ཤེས་རབ་སྙིང་པོ་ཞེས་བརྗོད་པ་དང་ ཕྱི་མར་ཁལ་ཁ་སྐུ་ཕྲེང་དང་པོ་ནི་ཁལ་ཁ་རྗེ་བཙུན་དམ་པ་བློ་བཟང་བསྟན་པའི་རྒྱལ་མཚན་ཞེས་མཚན་མི་གཅིག་པ་མ་གཏོགས་དམ་པ་གང་དེའི་འཁྲུངས་འདས་ལོ་ཚིགས་གཅིག་ཏུ་མཐུན་ཞིང་། རྒྱལ་དབང་ལྔ་པའི་སློབ་མ་ཡིན་ཚུལ་དང་ཁལ་ཁ་སྐུ་ཕྲེང་དང་པོར་ངེས་པ་སོགས་ལ་བརྟེན་ནས། མཁས་དབང་ཁོང་རྣམ་གཉིས་ཀྱིས་གསུངས་པའི་ཁལ་ཁ་སྐུ་ཕྲེང་དང་པོ་དེ་ནི་རྒྱ་རྩིས་ཆེ་མོ་བོད་སྐད་དུ་སྒྱུར་མཁན་གྱི་ལོ་ཙཱ་བ་རྗེ་བཙུན་དམ་པ་ཧོ་ཐོག་ཐུ་ཡིན་པར་ངེས།

ལོ་ཙཱ་བ་གཞན་གསུམ་སྟེ། ཧུ་བིལ་ལ་གན་རབ་འབྱམས་པ་དང་། གུན་པཎྜི་ཏ། ཨེར་ཏེ་ནི་བྷི་ལིག་ཐུ་བཅས་ཀྱི་མཚན་གྱི་ཐོགས་སྟངས་ལ་རགས་ཙམ་བརྟག་ན། གུན་པཎྜི་ཏ་ཞེས་པའི་གུན་ནི“སྔར་མན་ཆིང་རྒྱལ་རབས་སྐབས་ཏཱ་ལའི་བླ་མ་རིན་པོ་ཆེ་དང་པཎ་ཆེན་རིན་པོ་ཆེ་རྣམ་གཉིས་ཀྱི་ཡབ་ལྟ་བུར་གོང་མས་གོ་གནས་དང་། ཆོ་ལོ་གནང་བའི་མིང་གུང་ཟེར་བ་དེའི་སྒྲ་བསྒྱུར་ཡིན་པ་སྟེ། རྒྱ་སྐད་དུ(公)ཟེར”ཞེས《དུང་དཀར་ཚིག་མཛོད་ཆེ་མོ》རུ་གསལ། ཆོ་ལོ་དེ་ལས་པཎྜི་ཏ་དེ་ཉིད་ངེས་པ་དོན་ལྡན་གྱི་པཎྜི་ཏ་ཞིག་ཡིན་པ་གདོན་མི་ཟ་ཞིང་། གཞན་རྣམ་གཉིས་ལ་ཡང་ཁག་སོ་སོར་རབ་འབྱམས་པ་དང་། ཨེར་ཏེ་ནི་སྟེ་རིན་པོ་ཆེའི་ཆོ་ལོ་ཡོད་པས་སྤྱིར་བཏང་གི་ལོ་ཙཱ་བ་ཞིག་གཏན་ནས་མིན་པར་སེམས།

གསུམ་པ། བསྒྱུར་གྱི་ཐབས་བཤད་པ།

དེ་ཡང་། ལོ་ཙཱའི་ལག་ལེན་གྱི་བརྒྱུད་རིམ་ཁྲོད་དུ་ཐབས་ལམ་རྣམ་པ་མང་དུ་མཆིས་ཀྱང་། “སྤྱིར་བཏང་དུ་ཐབས་ཇུས་རིགས་གཉིས་ཙམ་ལྡན་ཏེ། གཅིག་ནི་སྒྱུར་བྱེད་སྐད་ཆ་དམིཊ་ཡུལ་དུ་བྱེད་ཅིང་། དེའི་ཁྱད་ཆོས་ལ་ཉེ་བར་བསྟུན་པའི་རང་འགྱུར་ཡིན་པ་དང་། གཅིག་ཤོས་ནི་བསྒྱུར་བྱའི་སྐད་ཆའི་ཁྱད་ཆོས་རྣམས་ཅི་ནུས་སྒོས་སོར་འཇོག་བྱེད་ཅིང་། དེར་ཉེ་བར་བསྟུན་པའི་གཞན་འགྱུར་ཡིན”ཞེས་འབའ་སྟོད་ཚེ་དབང་རྡོ་རྗེས་གསུངས་པ་བཞིན་རང་འགྱུར་དང་གཞན་འགྱུར་གྱི་ལོ་ཙཱའི་ཐབས་ལམ་གཉིས་པོ་ནི“སྐད་ཆའི་རྒྱུ་ཆའམ་རྣམ་པ་ལས་འགོངས་ཏེ། ལོ་ཙཱའི་མིག་རྒྱང་གང་ཉིད་སྐད་བརྡ་དང་རིག་གནས། མཛེས་དཔྱོད་སོགས་སུ་བསྐྱེད་པ་ཡིན”ཡང་། རྩ་བའི་ཐོག་ནས་བྱས་ན་རང་ཅག་གིས་རྒྱུན་དུ་བརྗོད་པའི་དོན་བསྒྱུར་དང་ཐད་བསྒྱུར་གཉིས་རང་ཡིན་པར་སེམས། ལོ་ཙཱའི་ལག་ལེན་དངོས་ཀྱི་ཁྲོད་དུ་བསྒྱུར་བྱའི་མ་ཡིག་གི་རྣམ་པར་བལྟོས་ནས། གང་ལ་དེ་འཚམ་གྱི་ཐབས་ལམ་སྤྱོད་རྒྱུ་ནི་གལ་འགངས་ཆེ་བ་ཞིག་ཏུ་མཐོང་སྟེ། བསྒྱུར་བྱ་གཅིག་ཡིན་ཡང་སྐབས་བབ་ཀྱི་བརྗོད་བྱའི་ནང་དོན་དང་། ཁྱད་ཆོས་སོགས་ལ་བསྟུན་ནས་སྐབས་རེ་དོན་བསྒྱུར་དང་། མཚམས་རེ་ཐད་བསྒྱུར་བྱེད་པའང་ཡོད། དོན་དུ་འགག་རྩ་ནི་བསྒྱུར་བྱའི་མ་ཡིག་གི་ནང་དོན་བུ་ཡིག་ཏུ་མངོན་ཐུབ་ཡོད་མེད་ལ་ངེས་པར་གཙིགས་སུ་འཛིན་དགོས་པར་སེམས།

《འཇམ་དབྱངས་བདེ་ལྡན་རྒྱལ་པོས་མཛད་པའི་རྒྱ་རྩིས་བོད་སྐད་དུ་བསྒྱུར་པ》ཞེས་པའི་རྩིས་གཞུང་འདི་ཉིད་ནི་སོག་ཡིག་གི་འགྱུར་མ་ལས་བསྒྱུར་བ་ཞིག་ཡིན་པས། འགྱུར་མ་ནས་བསྒྱུར་བའི(重译)འགྱུར་གཞུང་གི་ཁོངས་སུ་འདུ་ལ། གཞུང་དངོས་ཀྱི“ཚིག་ནི་རྒྱ་དཔེ་ཇི་བཞིན་ཆད་ལྷག་གང་ཡང་མེད་ཀྱང་། ཐད་སྒྱུར་ཤེད་ཆེ་བའི་དབང་གིས་ཚིག་མཁྲེགས་པོ་གོ་དཀའ་བ་སྤྱི་དང”ཞེས《བོད་ཀྱི་སྐར་རྩིས་རིག་པའི་རྩ་བ་དང་ལག་ལེན》དུ་གསལ་བ་ལས་གཞུང་འདི་ཉིད་དངོས་སུ་སོག་ཡིག་ལས་བོད་སྐད་དུ་བསྒྱུར་བའི་སྐབས་སུ་ལོ་ཙཱ་བ་དང་ཞུ་དག་པ་རྣམས་ཀྱིས་ཐོག་མའི་མ་ཡིག་ལ་བསྟུན་གང་ཐུབ་བྱས་ནས་ཐད་སྒྱུར་ཁོ་ནའི་ཐབས་ལམ་ལ་བརྟེན་ཏེ། བོད་ཡིག་ཏུ་བསྒྱུར་བ་ཞིག་ཡིན་པ་གསལ་བར་མངོན། འགྱུར་ཡིག་ནས་བསྒྱུར་བའི་གཞུང་ཞིག་ཡིན་དུས་མ་ཡིག་དང་འགྱུར་ཡིག་ཕན་ཚུན་དཔྱད་བསྡུར་གྱི་རྣམ་པའི་ཐོག་ནས་བསྒྱུར་བའི་བྱ་ཐབས་འདིས་བུ་ཡིག་ཚད་ལྡན་ཡོང་རྒྱུར་ཕན་པ་མི་དམན་པ་ཐོན་སྲིད་ཀྱང་། ཐད་བསྒྱུར་གྱི་ཐབས་ལམ་ཤེད་ཆེ་བ་དེས་བུ་ཡིག་གི་སྐད་བརྡའི་འགྲོས་དང་མི་མཐུན་པའམ་ཡང་ན་དེའི་སྐོར་གྱི་བོད་བསྒྱུར་གྱི་ཐ་སྙད་རྣམས་ནི་དུས་འཁོར་ལུགས་ཀྱི་སྐར་རྩིས་ཀྱི་ཐ་སྙད་དང་མགོ་སྦྲེལ་དུ་མ་བསྟུན་པས་བརྗོད་བྱ་ཇི་བཞིན་མ་རྟོགས་པའི་ཉེས་སྐྱོན་བྱུང་། མ་ཟད《འཇམ་དབྱངས་བདེ་ལྡན་རྒྱལ་པོས་མཛད་པའི་རྒྱ་རྩིས་བོད་སྐད་དུ་བསྒྱུར་པ》ཞེས་པའི་གཞུང་འདི་ནི“རྒྱ་གཞུང་ནུབ་གླིང་རྩིས་གསར་ཞེས་པ་ལ་བམ་པོ་བརྒྱ་ཡོད་པའི་ནང་ནས་ལག་ལེན་གྱི་སྐོར་སོགས་བམ་པོ་སུམ་ཅུ་ཙམ་བདམས་ནས་བསྒྱུར་བ་ལས་གོ་དོན་གྱི་སྐོར་རྣམས་ཅི་ཡང་བསྒྱུར་མེད་པས་སྐྱོན་དུ་གྱུར་ཡོད་པ་དང་། གཞུང་འདིའི་རིག་པ་རྣམས་སྐབས་དེའི་བོད་ཀྱི་རྩིས་པ་རྣམས་ལ་གསར་པ་ཡིན་པ་མ་ཟད། རྒྱའི་རྩིས་པ་རྣམས་ལ་མཚོན་ནའང་རིག་ལམ་གསར་པ་ཞིག་ཏུ་མཆིས་པས། སྐབས་འཕྲལ་གྱི་ཁྲིད་རྒྱུན་སོགས་མ་སྤེལ་བས་སྐྱོན་དུ་གྱུར་ཏེ། དཔེ་མཛོད་སོགས་ཀྱི་གཡང་རྟེན་ལྟ་བུ་ལས་ཤེས་མཁན་གཅིག་ཀྱང་མེད་པའི་གནས་སུ་ལྷུང་བ་རེད”ཅེས《སྐར་ནག་རྩིས་ཀྱི་ལོ་རྒྱུས་སྐོར་ལས་རྒྱ་རྩིས་བོད་དུ་དར་ཚུལ་ཅུང་ཟད་བཤད་པ་ཤེལ་དཀར་མེ་ལོང》དུ་གསུངས་ཤིང་། དེའི་ནང་རྒྱུ་རྐྱེན་གསུམ་གྱི་ཐོག་ནས་གཞུང་འདིས་སྐབས་དེར་བོད་ཀྱི་གནམ་རིག་སྐར་རྩིས་རིག་གཞུང་ལ་ཐད་ཀའི་ནུས་པ་མངོན་སུམ་དུ་མ་ཐོན་པའི་སྐོར་ལ་འགྲེལ་བརྗོད་བྱས་ཡོད་ཅིང་། གཞུང་འདི་ཉིད་ལོ་ཙཱ་བྱེད་པའི་བརྒྱུད་རིམ་ཁྲོད་ཐད་སྒྱུར་གྱི་ཐབས་ལམ་ཤེད་ཆེར་སྤྱད་པ་དེ་ནི་གཞུང་འདིས་སྐབས་དེ་ཤེད་ཀྱི་བོད་ཀྱི་གནམ་རིག་སྐར་རྩིས་རིག་གཞུང་ཐད་དངོས་སུ་ཕན་པ་མི་ཐོན་པའི་རྒྱུ་རྐྱེན་བཞི་པ་དེ་ཡིན་པར་སྙམ།

(བོད་ལྗོངས་ཉིན་རེའི་ཚགས་པར་ལས་ཁུངས་བོད་ཡིག་རྩོམ་སྒྲིག་པུའུ། བུ་ཆུང)