《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2021年05月01日

དངུལ་ཆུ་བློ་བཟང་བཀྲ་ཤིས་ཀྱིས།

མཛེས་སྡུག་ལྡན་པའི་འཚོ་བར་བསྟོད་དབྱངས་ཕུལ་ནས་དྲང་ནུས་བརྒྱུད་སྤེལ་བྱས་པ།

“ངའི་ངོས་ནས་བཤད་ན་འཁྲབ་སྟོན་བྱེད་ཐེངས་རེ་རེ་ནི་རང་ཉིད་ཡར་རྒྱས་འགྲོ་བའི་བརྒྱུད་རིམ་རེ་རེ་ཡིན་པས། ང་རང་གཞས་གཏོང་བར་སེམས་གཏིང་ནས་དགའ་པོ་ཡོད། གཞིས་རྩེ་དགེ་འོས་སློབ་གྲྭ་ནས་མཐར་ཕྱིན་ཏེ་ད་བར་དུ་ལོ་40ཙམ་ཕྱིན་ཡང་། གླུ་གཞས་གཏོང་རྒྱུར་དགའ་བའི་སྤྲོ་སེམས་ད་དུང་ཉམས་མེད”ཅེས་གླུ་གཞས་མཁས་ཅན་དང་། རྒྱལ་ཁབ་ཀྱི་རིམ་པ་དང་པོའི་འཁྲབ་སྟོན་པ། ལྷ་ས་གྲོང་ཁྱེར་གླུ་གར་ཚོགས་པའི་ཧྲུའུ་ཅི་དང་ཚོགས་གཙོ་གཞོན་པ་བཅས་ཡིན་པའི་དངུལ་ཆུ་བློ་བཟང་བཀྲ་ཤིས་ཀྱིས་བཤད།

སྔོན་མར་དངུལ་ཆུ་བློ་བཟང་བཀྲ་ཤིས་ཀྱིས་གཞིས་རྩེ་སྒྱུ་རྩལ་ཚོགས་པར་ལས་ཀ་བྱས་མྱོང་ལ་དགེ་རྒན་ཡང་བྱས་མྱོང་། སྔ་ཕྱིར་བོད་ལྗོངས་སྒྱུ་རྩལ་སློབ་གྲྭ་དང་། ཀྲུང་དབྱང་མི་རིགས་སློབ་ཆེན་སྒྱུ་རྩལ་ཚན་ཁག ཧྲང་ཧའེ་རོལ་དབྱངས་སློབ་གླིང་། ཧུའུ་ནན་ཧོའེ་ཧྭ་སློབ་གླིང་བཅས་སུ་ཟབ་སྦྱོང་བྱས་ཤིང་། ཧུའུ་ནན་ཧོའེ་ཧྭ་སློབ་གླིང་གི་སྒྱུ་རྩལ་ཚན་ཁག་ནས་སློབ་མཐར་ཕྱིན་པ་རེད། “དེ་དུས་ང་ནི་རོལ་དབྱངས་ཁྱབ་ཁོངས་སུ་སློབ་ཡོན་རང་གིས་བཏང་ནས་ཟབ་སྦྱོང་བྱེད་པར་སྐྱོད་མཁན་གྱི་སློབ་མ་ཐོག་མ་དེ་ཡིན། དེའི་རྒྱུ་མཚན་ཡང་རང་ཉིད་གཞས་གཏོང་བར་ཧ་ཅང་དགའ་བ་དང་་ཆེད་ལས་ཀྱི་ཁྱབ་ཁོངས་ནང་ཡག་ཐོག་ཡག་བརྩེགས་ཡོང་ཆེད་ཡིན། ནང་མིས་རྟག་ཏུ་རྒྱབ་སྐྱོར་བྱས་ནས་ང་ལ་མདུན་སྐྱོད་ཀྱི་སྒུལ་ཤུགས་སྦྱིན་པར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན”ཞེས་དངུལ་ཆུ་བློ་བཟང་བཀྲ་ཤིས་ཀྱིས་བཤད།

རྗེས་ཀྱི་ལོ་བཅུ་གྲངས་ནང་དངུལ་ཆུ་བློ་བཟང་བཀྲ་ཤིས་ལ། 1988ལོར་གསེར་འབྲུག་བུམ་པའི་རྒྱལ་ཡོངས་ཀྱི་གླུ་པ་གདན་ཞུའི་འགྲན་བསྡུར་ནང་དམིགས་བསལ་གྱི་གསེར་གྱི་བྱ་དགའ་དང་། 2021ལོར་རྒྱལ་ཡོངས་བོད་རིགས་ཀྱི་གླུ་གཞས་བསྡུ་རུབ་དཔྱད་འདེམས་འགྲེམས་གཏོང་བྱེད་སྒོའི་ནང་གསེར་གྱི་བྱ་དགའ་སོགས་མང་པོ་ཐོབ་པ་མ་ཟད། “མི་རིགས་ཀྱི་གླུ་གཞས་མཁས་ཅན” རྒྱལ་ཡོངས་དམངས་གཞས་དཔྱིད་དཔལ་གྱི་ཀྲུང་གོའི་མི་རིགས་གླུ་གཞས་འཁྲབ་སྟོན་གསར་རྩོམ་གྱི་བྱ་དགའ་ཆེ་མོའི་འགྲན་བསྡུར་གྱི“གླུ་གཞས་མཁས་པ་བཅུ” “སྤྱི་མཐུན་རྒྱལ་ཁབ་ཀྱི་ཕུལ་བྱུང་རིགས་གཅིག་མཁས་ཅན”སོགས་ཀྱི་གཟི་བརྗིད་མཚན་སྙན་ཡང་ཐོབ་ཡོད།

དངུལ་ཆུ་བློ་བཟང་བཀྲ་ཤིས་ཀྱིས“གླུ་གཞས་ལེན་པ་ལས་ངར་སྤྲོ་སྣང་དཔག་མེད་སྦྱིན་ལ། ལྟད་མོ་བ་ཚོའི་དགའ་སྤྲོའི་འཛུམ་མདངས་མཐོང་རིམ་བཞིན་དཀའ་ལས་བརྒྱབ་པ་ཚང་མ་འགྲིག་འདུག་སྙམ་གྱི་འདུག ངས་རང་ཉིད་ཀྱི་སྤྲོ་སྣང་འདི་མི་མང་པོར་བརྒྱུད་སྤྲོད་བྱེད་འདོད་ལ། མི་དམངས་དང་གཞི་རིམ་ལ་མུ་མཐུད་ཞབས་འདེགས་ཞུས་ནས་དྲང་ནུས་བརྒྱུད་སྤེལ་བྱེད་འདོད”

ཅེས་གསར་འགོད་པར་བཤད་བྱུང་།

2021ལོ་ནི། ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་100འཁོར་བའི་ལོ་ཞིག་ཡིན་པས། དངུལ་ཆུ་བློ་བཟང་བཀྲ་ཤིས་དང་བཅས་པས《གསེར་མདོག་གི་སྙེ་མའི་མགོ་ལྕོག་ལྡེམ》དང《ཤར་ཕྱོགས་དམར་གྱི་གཏམ་རྒྱུད》སོགས་བརྩམས་ཆོས་གྲ་སྒྲིག་བྱས་ཤིང་། ཁོང་གིས“བརྩམས་ཆོས་དེ་དག་འདོན་པའི་དམིགས་ཡུལ་ནི་ལོ་རྒྱུས་ལ་ཕྱིར་དྲན་བྱས་ནས། ཚང་མས་ད་ཆའི་བདེ་སྐྱིད་ལྡན་པའི་འཚོ་བར་གཅེས་སྤྲས་དང་ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བའི་སྒོ་ནས་གཞི་རིམ་ལ་དོ་ཁུར་བྱ་རྒྱུ་དེ་ཡིན”ཞེས་བཤད། (ཚེ་དབང་ལྷ་མོས་བསྒྱུར། པ་སངས་ཚེ་རིང་གིས་ཞུས)