འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་གནས་ཚུལ་འབྱོར་གསལ། ཉིན་ཤས་གོང་ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་འགྲིམ་འགྲུལ་ཉེན་རྟོག་ཉིང་ལག་རུ་ཁག་གི་འཕྲུལ་སྒུལ་མིན་པའི་འཁོར་རིགས་དོ་དམ་སུའོ་ལ“མི་སེར་གྱི་གཞུང་ཞབས་པས་མི་དམངས་ལ་ཞབས་འདེགས་ཞུས། དམག་དམངས་བརྩེ་བ་ཟབ་མོ་ཁྱིམ་ཚང་གཅིག་ལྟར་བརྩེ”ཞེས་པའི་གོས་དར་ཞིག་འབྱོར་བ་རེད། སུའོ་དེའི་སུའོ་ཀྲང་གཞོན་པ་ཀླུ་མོས“གོས་དར་དེ་ནི་ང་ཚོས་རེས་གཟའ་སྤེན་པ་དང་ཉི་མར་ལས་དུས་འཕར་མ་བྱས་ཏེ་མཉམ་སྤྱོད་གློག་སྒུལ་སྦག་སྦག་600ལྷག་ཙམ་ལ་འཁོར་རྟགས་བསྒར་བར་ཐུགས་རྗེ་ཆེ་ཞུ་ཆེད་བསྐྱལ་བ་རེད། མཉམ་སྤྱོད་གློག་སྒུལ་སྦག་སྦག་ལ་འཁོར་རྟགས་ཡོད་ན་གྲོང་ཁུལ་གྱི་འགྲིམ་འགྲུལ་སྒྲིག་ལམ་སྔར་བས་ཚད་ལྡན་དུ་འགྲོ་རྒྱུ་དང་། ད་དུང་མཉམ་སྤྱོད་གློག་སྒུལ་སྦག་སྦག་ཁེ་ལས་ཀྱིས་རང་དགར་འཇོག་པ་དང་གང་བྱུང་དུ་འཇོག་པའི་སྣང་ཚུལ་ཐོན་རྒྱུ་བཀག་འགོག་ནུས་ལྡན་ཐུབ་རྒྱུ་མ་ཟད། སྦག་སྦག་བཞོན་མཁན་ཚོའི་ཡ་རབས་ཀྱི་འགྲིམ་འགྲུལ་འདུ་ཤེས་ཟབ་ཏུ་ཕྱིན་ཏེ་གང་བྱུང་དུ་ཁ་བཀག་པ་དང་འཇོག་པའི་བྱེད་སྤྱོད་སྔོན་འགོག་དང་། ཁྲིམས་སྲུང་འཁོར་གཏོང་། ཡ་རབས་འགྲོ་སྐྱོད་བཅས་བྱེད་ཐུབ”ཅེས་ངོ་སྤྲོད་བྱས།
ལྷ་ས་གྲོང་ཁྱེར་གྱི་གྲོང་ཁྱེར་གྱི་སྤུས་ཚད་སྔར་བས་མཐོ་རུ་གཏོང་བ་དང་སྦག་སྦག་བཞོན་མཁན་གྱི་བྱེད་སྤྱོད་དང་སྦག་སྦག་འཇོག་པའི་སྒྲིག་ལམ་ཚད་ལྡན་དུ་བཏང་སྟེ་འགྲོ་ལམ་འགྲིམ་འགྲུལ་གྱི་བདེ་འཇགས་འཁོར་སྐྱོད་འགན་ལེན་བྱ་ཆེད། གློག་སྒུལ་སྦག་སྦག་གི་རྒྱལ་ཁབ་ཀྱི་ཚད་གཞི་གསར་པའི་བླང་བྱ་གཞིར་བཟུང་། མིག་སྔར་ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་འགྲིམ་འགྲུལ་ཉེན་རྟོག་ཉིང་ལག་རུ་ཁག་འཕྲུལ་སྒུལ་མིན་པའི་འཁོར་རིགས་དོ་དམ་སུའོ་ཡིས་གྲོང་ཁྱེར་ཡོངས་ཀྱི་ཁྱབ་ཁོངས་སུ་མཉམ་སྤྱོད་གློག་སྒུལ་སྦག་སྦག་ལ་ཞིབ་བཤེར་དང་ཞིབ་དཔྱད་བྱེད་བཞིན་ཡོད་པ་དང་། འཁོར་རྟགས་བསྒར་སྐབས་སྦག་སྦག་དེའི་རྩ་གཉིས་ཨང་རྟགས་བཤེར་བའི་ཆ་འཕྲིན་དང་འཁོར་རྟགས་སྦྲེལ་མཐུད་བྱས་ཏེ་མཉམ་སྤྱོད་གློག་སྒུལ“སྦག་སྦག་རེར་རྩ་གཉིས་ཨང་རྟགས་རེ”དང“སྦག་སྦག་རེར་འཁོར་རྟཌ་རེ”མངོན་འགྱུར་བྱུང་ཡོད།