《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2021年05月01日

རྒྱལ་ཡོངས་ལུས་རྩལ་ཁོངས་གཏོགས་ཀྱི་ཁ་གཏད་བོད་སྐྱོར་ ལས་དོན་ཚོགས་འདུ་ཐེངས་དྲུག་པ་འཚོགས་པ།

ཀོའུ་ཀྲུང་ཝུན་དང་ཝུའུ་དབྱིང་ཅེས་གསུང་བཤད་གནང་བ་དང་ཆེ་དགྲ་ལྷས་ཤིས་ཚིག་གསུངས་པ།

ཚེས་28ཉིན། རྒྱལ་ཡོངས་ལུས་རྩལ་ཁོངས་གཏོགས་ཀྱི་ཁ་གཏད་བོད་སྐྱོར་ལས་དོན་ཚོགས་འདུ་ཐེངས་དྲུག་པ་ལྷ་སར་འཚོགས་ཤིང་། རྒྱལ་ཁབ་ལུས་རྩལ་སྤྱི་ཁྱབ་ཅུས་ཀྱི་ཏང་ཙུའི་ཧྲུའུ་ཅི་ཅུས་ཀྲང་ཀོའུ་ཀྲུང་ཝུན་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝུའུ་དབྱིང་ཅེ་ཚོགས་འདུར་ཞུགས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་4ཚེས་29ཉིན་གནས་ཚུལ་འབྱོར་གསལ། ཚེས་28ཉིན། རྒྱལ་ཡོངས་ལུས་རྩལ་ཁོངས་གཏོགས་ཀྱི་ཁ་གཏད་བོད་སྐྱོར་ལས་དོན་ཚོགས་འདུ་ཐེངས་དྲུག་པ་ལྷ་སར་འཚོགས་ཤིང་། ཚོགས་འདུའི་ཐོག་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་ནན་ཏན་དང་། ལུས་རྩལ་སྟོབས་ཆེའི་རྒྱལ་ཁབ་འཛུགས་སྐྲུན་དང་བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་དང་དེ་བཞིན་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་དོན་འཁྱོལ། ཉེ་བའི་ལོ་ཤས་རིང་རྒྱལ་ཡོངས་ལུས་རྩལ་ཁོངས་གཏོགས་ཀྱིས་བོད་ཀྱི་ལུས་རྩལ་ལས་དོན་ལ་ཁ་གཏད་རོགས་སྐྱོར་བྱས་ཚུལ་ལ་སྤེལ་རེས་དང་ཕྱོགས་སྡོམ། གོམ་སྟབས་རྗེས་མའི་ལུས་རྩལ་བོད་སྐྱོར་གྱི་གཙོ་གནད་ལས་དོན་ལ་ཞིབ་འཇུག་དང་བཀོད་སྒྲིག་བཅས་བྱས་པ་རེད།

རྒྱལ་ཁབ་ལུས་རྩལ་སྤྱི་ཁྱབ་ཅུས་ཀྱི་ཏང་ཙུའི་ཧྲུའུ་ཅི་ཅུས་ཀྲང་ཀོའུ་ཀྲུང་ཝུན་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝུའུ་དབྱིང་ཅེ་ཚོགས་འདུར་ཞུགས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ་དང་།

(པར་ངོས་བཞི་པར་གཟིགས)

(པར་ངོས་དང་པོར་མཐུད) ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཆེ་དགྲ་ལྷས་ཤིས་ཚིག་གསུངས་པ། རྒྱལ་ཁབ་ལུས་རྩལ་སྤྱི་ཁྱབ་ཅུས་ཀྱི་ཅུས་ཀྲང་གཞོན་པ་ཀའོ་ཀྲི་ཏན་གྱིས་ཚོགས་འདུ་གཙོ་སྐྱོང་གནང་བ། རྒྱལ་ཁབ་ལུས་རྩལ་སྤྱི་ཁྱབ་ཅུས་ཀྱི་ཅུས་ཀྲང་གཞོན་པ་ལི་ཡིང་ཁྲོན་དང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་དྲུང་ཆེ་ལིའུ་ཅང་བཅས་ཚོགས་འདུར་ཕེབས་ཡོད་པ་རེད།

ཀོའུ་ཀྲུང་ཝུན་གྱིས་གསུངས་དོན། རྒྱལ་ཡོངས་ལུས་རྩལ་ཁོངས་གཏོགས་ཀྱིས་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་དགོངས་དོན་ལ་གོ་བ་ཡག་པོ་ལེན་པ་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་། ལུས་རྩལ་གྱི་དོན་དངོས་ལ་གཞི་ཚུགས་པ། ལྟེ་བའི་དོན་སྙིང་དང་དགོངས་དོན་གྱི་ངོ་བོ་ཁོང་དུ་ཆུད་པ། དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ། ལུས་རྩལ་གྱི་ཐུན་མོང་མ་ཡིན་པའི་དགེ་མཚན་དང་ནུས་པ་འདོན་སྤེལ་བྱེད་པ། དམངས་འཚོ་འགན་ལེན་ལེགས་གཏོང་དང་མི་དམངས་ཀྱི་འཚོ་བའི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་བ་སོགས་ཀྱི་ཐད་འབད་བརྩོན་བྱེད་པ། ལུས་རྩལ་བོད་སྐྱོར་ལས་དོན་ལ་ཕན་འབྲས་དངོས་ཐོན་པར་སྐུལ་འདེད་གཏོང་བ། མི་རིགས་ཁག་གི་མང་ཚོགས་ཀྱིས་ལུས་རྩལ་ལ་བརྟེན་ནས་ཡང་དག་པའི་རྒྱལ་ཁབ་ཀྱི་ལྟ་བ་དང་། ལོ་རྒྱུས་ཀྱི་ལྟ་བ། མི་རིགས་ཀྱི་ལྟ་བ། རིག་གནས་ཀྱི་ལྟ་བ། ཆོས་ལུགས་ཀྱི་ལྟ་བ་བཅས་འཛུགས་པར་ཁྲིད་སྟོན་བྱེད་པ། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་འཛུགས་པ་དང་མི་རིགས་ཁག་དབར་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ལ་སྐུལ་འདེད་གཏོང་དགོས།

ཀོའུ་ཀྲུང་ཝུན་གྱིས་གསུངས་དོན། ལུས་རྩལ་ཁ་གཏད་བོད་སྐྱོར་ནི་དུས་ཡུན་རིང་པོའི་ལས་འགན་ཞིག་རེད། “ལོ་ལྔ་ཚན་བཅུ་བཞི་པའི”རིང་ང་ཚོས་ཁ་གཏད་བོད་སྐྱོར་ལས་དོན་སྐོར་གྱི་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བླང་བྱ་གསར་པར་གོ་བ་གཏིང་ཟབ་ལེན་པ་དང་། བོད་ཀྱི་ལུས་རྩལ་ལས་དོན་གྱི་དུས་བབ་གསར་པ་དང་ལས་འགན་གསར་པ་ཁོང་དུ་ཡང་དག་ཆུད་པ། རྒྱལ་ཡོངས་སྒྲིག་སྲོལ་གྱི་ལེགས་ཆ་འདོན་སྤེལ་བཅས་བྱས་ཏེ། ལུས་རྩལ་ཁ་གཏད་བོད་སྐྱོར་ལས་དོན་ཞིབ་ཚགས་དང་ཏན་ཏིག་ཡག་པོ་སྒྲུབ་དགོས། འཆར་འགོད་ཀྱི་སྣེ་ཁྲིད་ལ་ཤུགས་སྣོན་བརྒྱབ་སྟེ་ཐུན་མོང་ཐོག“ལོ་ལྔ་ཚན་བཅུ་བཞི་པའི”ཁ་གཏད་རོགས་སྐྱོར་གྱི་འཆར་གཞི་ཞིབ་བཟོ་དང་། ལས་འགན་དང་བླང་བྱ་གཏན་འཁེལ་ཁ་གསལ་བཅས་བྱས་ཏེ། ཐུན་མོང་ཐོག་ལུས་རྩལ་བོད་སྐྱོར་ལས་དོན་འཆར་འགོད་ཡག་པོ་བྱེད་དགོས། དམངས་འཚོ་ལེགས་གཏོང་མངོན་གསལ་དོད་པོ་ཡོང་བར་བྱས་ནས་བོད་སྐྱོར་སྲིད་ཇུས་དང་། མ་དངུལ། རྣམ་གྲངས་བཅས་དམངས་འཚོའི་ཁྱབ་ཁོངས་སུ་དེ་བས་མང་བ་གཟིགས་སྐྱོང་བྱས་ཏེ་བོད་སྐྱོར་རྣམ་གྲངས་བོད་ཀྱི་དགོས་མཁོ་དངོས་དང་འཚམ་པར་བྱེད་དགོས། ཤེས་ལྡན་མི་སྣའི་བོད་སྐྱོར་ལས་དོན་གཏིང་ཟབ་སྤེལ་ནས་བོད་ལ་རིགས་ཁག་གི་ཤེས་ལྡན་མི་སྣ་སློབ་སྦྱོང་དང་། གནས་སྦྱར། སྦྱོང་བརྡར་བཅས་ཀྱི་གོ་སྐབས་དེ་བས་མང་བ་སྤྲོད་པ་དང་ཆབས་ཅིག་རིགས་ཁག་གི་ཤེས་ལྡན་མི་སྣ་བོད་དུ་རོགས་སྐྱོར་བྱེད་པར་འདེམས་གཏོང་ཧུར་ཐག་བྱེད་དགོས། གཞོན་ནུ་ལོ་ཆུང་གི་ལུས་རྩལ་འཕེལ་རྒྱས་ཧུར་ཐག་གཏོང་བ་དང་། ལུས་རྩལ་གྱི་སྲོལ་རྒྱུན་ཁྱད་ལྡན་སློབ་གྲྭ་དང་མཐོ་སློབ་ཀྱི་ཆུ་ཚད་མཐོ་བའི་ལུས་རྩལ་རུ་ཁག་འཛུགས་སྐྱོང་ལ་དམ་འཛིན་ཡག་པོ་བྱེད་པ། རྩལ་འགྲན་ལུས་རྩལ་གྱི་རྗེས་གྲབས་ཤེས་ལྡན་མི་སྣ་གསོ་སྐྱོང་གི་རྨང་གཞི་བརྟན་དུ་དང་རྒྱ་ཆེར་གཏོང་བ། བོད་ཀྱིས་སྣ་མང་ཕུན་སུམ་ཚོགས་པའི་གཞོན་ནུ་ལོ་ཆུང་གི་ལུས་རྩལ་འགྲན་བསྡུར་སྒྲིག་འཛུགས་བྱ་རྒྱུར་རྒྱབ་སྐྱོར་དང་སྐུལ་ལྕག་བཅས་བྱེད་དགོས། “རང་བརྟེན”ནུས་པ་ཆེ་རུ་ཧུར་ཐག་གཏོང་བ་དང་། ལུས་རྩལ་བོད་སྐྱོར་གྱི་འདུ་ཤེས་དང་བྱ་ཐབས་སྒྱུར་བ། རིག་སྟོབས་ཀྱི་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ཏེ་ལམ་ལུགས་ཀྱི་མ་ལག་དང་། ལས་རིགས་ཀྱི་ཚད་གཞི། ཐོན་ལས་ཀྱི་འཆར་འགོད། གཉེར་སྐྱོང་དོ་དམ་སོགས་ཐད་ཤུགས་སྣོན་མང་ཙམ་བརྒྱབ་ནས། བོད་ཀྱི་ལུས་རྩལ་འཕེལ་རྒྱས་ཀྱི་གཏིང་ཤུགས་དང་ནང་སྐྱེས་སྒུལ་ཤུགས་ཆེ་རུ་གཏོང་དགོས། ཁ་གཏད་རོགས་སྐྱོར་བྱེད་མཁན་ཞིང་ཆེན་དང་གྲོང་ཁྱེར་གྱི་ལུས་རྩལ་བོད་སྐྱོར་བྱེད་སྟངས་གསར་གཏོད་བྱས་ཏེ། ཞིང་ཆེན་དང་གྲོང་ཁྱེར་ཁག་གི་བོད་སྐྱོར་སྲིད་ཇུས་དང་། མ་དངུལ། རྣམ་གྲངས་བཅས་དེ་བས་མང་བ་ལུས་རྩལ་ཁྱབ་ཁོངས་སུ་གཏོང་རྒྱུའི་བརྩོན་ལེན་ཧུར་ཐག་བྱེད་དགོས།

ཝུའུ་དབྱིང་ཅེས་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཚབ་ཞུས་ཏེ་རྒྱལ་ཁབ་ལུས་རྩལ་སྤྱི་ཁྱབ་ཅུས་དང་། རྒྱལ་ཡོངས་ལུས་རྩལ་ཁོངས་གཏོགས། ཁ་གཏད་རོགས་སྐྱོར་བྱེད་མཁན་ཞིང་ཆེན་དང་གྲོང་ཁྱེར་བཅས་ཀྱིས་དུས་ཡུན་རིང་པོའི་ནང་བོད་ཀྱི་ལས་དོན་དང་ལྷག་པར་དུ་ལུས་རྩལ་བྱ་གཞག་ལ་རྒྱབ་སྐྱོར་དང་རོགས་རམ་གནང་བར་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུས་པ་མ་ཟད། ཉེ་བའི་ལོ་ཤས་རིང་། རང་ལྗོངས་ཀྱི་སྒྱུར་འཕེལ་བརྟན་གསུམ་གྱི་བྱ་གཞག་ཁག་ལ་ཐོབ་པའི་གྲུབ་འབྲས་བཟང་པོ་ངོ་སྤྲོད་མདོར་བསྡུས་གནང་བ་དང་། ལུས་རྩལ་བྱ་གཞག་དེ་མེད་པ་ནས་ཡོད་པའི་བར་དང་། ཡོད་པ་ནས་ཟམ་མི་ཆད་པར་འཕེལ་རྒྱས་སྟོབས་ཆེར་སོང་སྟེ་བོད་ཀྱི་རྒྱུན་མཐུད་བརྟན་ལྷིང་དང་། མགྱོགས་མྱུར་འཕེལ་རྒྱས། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་ཟབ་ཏུ་གཏོང་བ་སོགས་ཐད་ལེགས་སྐྱེས་ཧུར་ཐག་ཕུལ་བ་ཕྱིར་དྲན་གནང་བ་རེད།

ཝུའུ་དབྱིང་ཅེས་གསུངས་དོན། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་ཐོག “ལོ་ལྔ་ཚན་བཅུ་བཞི་པ”དང་དེ་བས་རིང་བའི་དུས་སྐབས་ཀྱི་ལུས་རྩལ་བྱ་གཞག་འཕེལ་རྒྱས་གཏོང་བའི་བརྗིད་ཆེའི་འཆར་གཞི་བཀོད་ཡོད། ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་ཐོག་བོད་ཀྱི་ལུས་རྩལ་འཕེལ་རྒྱས་ཐད་བླང་བྱ་ཁ་གསལ་བཏོན་ནས། ང་ཚོས་དུས་རབས་གསར་པའི་བོད་ཀྱི་ལུས་རྩལ་ལས་དོན་ཡག་པོ་སྒྲུབ་པར་ཁ་ཕྱོགས་གསལ་སྟོན་བྱས་ཡོད། རྒྱལ་ཁབ་ལུས་རྩལ་སྤྱི་ཁྱབ་ཅུས་དང་རྒྱལ་ཡོངས་ལུས་རྩལ་ཁོངས་གཏོགས་ཀྱིས་སྔར་རྒྱུན་བཞིན་བོད་ཀྱི་ལུས་རྩལ་འཕེལ་རྒྱས་ལ་ཐུགས་ཁུར་དང་རྒྱབ་སྐྱོར་གནང་ཏེ། ང་ཚོར་ལུས་རྩལ་འཕེལ་རྒྱས་ཀྱི་ཞན་ཆ་སེལ་རོགས་བྱས་ནས་རྒྱལ་སྤྱི་དང་། རྒྱལ་ཡོངས། ས་ཁོངས། ས་གནས་རང་བཞིན་བཅས་ཀྱི་འགྲན་བསྡུར་དེ་བས་མང་བ་གཉེར་བ་དང་། ས་གནས་འདི་གའི་ཕུལ་བྱུང་ལུས་རྩལ་པ་དེ་བས་མང་བ་གསོ་སྐྱོང་བྱེད་པ། བོད་ཀྱི་རི་ཁུལ་གྱི་ཕྱོགས་ཐོན་ལུས་རྩལ་འཕེལ་རྒྱས་གཏོང་བ་བཅས་བྱས་ཏེ། མི་རིགས་ཁག་དབར་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ལ་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་གསར་པ་དེ་བས་ཆེ་བ་འབུལ་རྒྱུའི་རེ་བ་ཡོད། ང་ཚོས་ལུས་རྩལ་བོད་སྐྱོར་གྱི་སྲིད་ཇུས་ཁག་གང་ལེགས་སྤྱད་དེ་རྒྱལ་ཡོངས་ལུས་རྩལ་ཁོངས་གཏོགས་ཀྱི་ཐུགས་ཁུར་དང་རྒྱབ་སྐྱོར་དེ་བོད་ཀྱི་ལུས་རྩལ་བྱ་གཞག་མགྱོགས་མྱུར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྒུལ་ཤུགས་ཆེན་པོར་འགྱུར་བ་བྱེད་པ་དང་། ལུས་རྩལ་སྟོབས་ཆེའི་ལྗོངས་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བ། བརྟན་ལྷིང་དང་། འཕེལ་རྒྱས། སྐྱེ་ཁམས། མཐའ་སྟོབས་བཅས་དོན་ཆེན་བཞི་ཡག་པོ་བསྒྲུབས་ཏེ་ཕུལ་བྱུང་གྲུབ་འབྲས་ཐོག་ནས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་བྱམས་བརྩེའི་ཐུགས་ཁུར་ལ་དྲིན་ལན་འཇལ་བ་དང་། རྒྱལ་ཁབ་ལུས་རྩལ་སྤྱི་ཁྱབ་ཅུས་དང་རྒྱལ་ཡོངས་ལུས་རྩལ་ཁོངས་གཏོགས་ཀྱི་སྒེར་སེམས་མེད་པའི་རོགས་སྐྱོར་ལ་དྲིན་ལན་འཇལ་རྒྱུ་ཡིན།

ཆེ་དགྲ་ལྷས་གསུངས་དོན། སྔར་ནས་ད་བར་རྒྱལ་ཁབ་ལུས་རྩལ་སྤྱི་ཁྱབ་ཅུས་ཀྱིས་ལུས་རྩལ་བོད་སྐྱོར་ལས་དོན་ལ་ཚད་མཐོའི་མཐོང་ཆེན་དང་། བོད་ཀྱི་ལུས་རྩལ་བྱ་གཞག་འཕེལ་རྒྱས་ལ་རྒྱབ་སྐྱོར་ཤུགས་ཆེན། རྒྱལ་ཡོངས་ཀྱི་ལུས་རྩལ་ཁོངས་གཏོགས་ཀྱི་སྟོབས་ཤུགས་གཅིག་ཏུ་སྒྲིལ་བ། ས་མཐོའི་ཁྱད་ལྡན་ལུས་རྩལ་བྱ་གཞག་འཕེལ་རྒྱས་ལ་རྒྱབ་སྐྱོར་བཅས་གནང་བས། བོད་དུ་དམངས་ཡོངས་ལུས་སྦྱོང་གི་དར་སྲོལ་ཞིག་ཆགས་པ་དང་། རྩལ་འགྲན་ལུས་རྩལ་གྱི་བཀྲག་མདངས་ལྷག་པར་འཚེར་བ། ལུས་རྩལ་ཐོན་ལས་ཀྱི་སྤུས་ཚད་མཐོ་རུ་དང་ཕན་འབྲས་ཆེ་རུ་སོང་བ་བཅས་བྱུང་ཡོད། རང་སྐྱོང་ལྗོངས་ཀྱིས་ད་ཐེངས་ཀྱི་ཚོགས་འདུ་གོ་སྐབས་སུ་བྱས་ཏེ་སྦྲེལ་མཐུད་དོན་འཁྱོལ་ལས་དོན་ཕྱོགས་ཡོངས་ནས་ཡག་པོ་སྒྲུབ་པ་དང་། བྱ་ཐབས་ནན་ཏན་བཟོ་བ་དང་ཞིབ་ཚགས་སུ་གཏོང་བ། བོད་སྐྱོར་མ་དངུལ་ཚང་མ་ཡག་པོ་སྤྱོད་པ། བོད་སྐྱོར་རྣམ་གྲངས་ཚང་མར་དོ་དམ་ཡག་པོ་བྱེད་པ། བོད་སྐྱོར་ལས་བྱེད་པ་ཚང་མར་ལྷག་བསམ་ཟོལ་མེད་ངང་གཅེས་སྐྱོང་བཅས་བྱས་ཏེ་བྱ་སྤྱོད་དངོས་ཀྱི་ཐོག་ནས་བློ་ཡིད་ཚིམ་པའི་རྒྱུགས་ལན་ཞིག་འབུལ་རྒྱུ་ཡིན།

(རིག་རྡོར་དང་སྐལ་མཆོག་གིས་སྒྱུར་ཞུས་བྱས)