《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2021年04月30日

ལག་གཉིས་ལ་བརྟེན་ནས་དབུལ་སྒྲོལ་དང་། བློ་གྲོས་ལ་བརྟེན་ནས་ཕྱུག་འགྱུར་ཡོང་བར་བྱས་པ།

—— ཨ་མདོ་རྫོང་མཚོ་ཡག་མ་གྲོང་ཚོའི་ཕྱུག་འགྱུར་སྣེ་ཁྲིད་པ་སྲི་གཅོད་ཀྱི་སྐོར་བཀོད་པ།

“ངས་རང་ཉིད་ཀྱི་ལག་གཉིས་ལ་བརྟེན་ནས་དབུལ་སྒྲོལ་བྱུང་བ་མ་ཟད། ཡུལ་མི་ཚོའི་སྣེ་ཁྲིད་ནས་མཉམ་དུ་འབབ་འཕར་ཕྱུག་འགྱུར་ཡོང་བ་བསམ་པའི་ཡུལ་ལས་མེད། མི་ཚེ་འདི་ཆུད་ཟོས་སུ་བཏང་མེད”ཅེས་སྲི་གཅོད་ཀྱིས་སེམས་འགུལ་ཐེབས་བཞིན་གསར་འགོད་པར་བཤད།

འདི་ལོ་ལོ་44ལ་སླེབས་པའི་སྲི་གཅོད་ནི་ཨ་མདོ་རྫོང་མཚོ་དམར་ཤང་མཚོ་ཡག་མ་གྲོང་ཚོ་ནས་ཡིན་ཞིང་། དེ་གོང་ལོ་མང་རིང་ཁྱིམ་ཚང་གི་མི་བཞིའི་འཚོ་བ་སྲི་གཅོད་ཀྱིས་ཚོང་ཙག་ཙིག་བརྒྱབ་པའི་ཡོང་འབབ་ཕྲན་བུར་བརྟེན་གྱི་ཡོད། ལོ་གཅིག་ལས་ཀར་ཇི་ལྟར་བྲེལ་ཡང་ཡོང་འབབ་ཁྱིམ་གྱི་འགྲོ་སོང་འདང་ཙམ་ལས་མེད།

2015ལོའི་ལོ་མཇུག་ཏུ་གནད་སྨིན་དབྱེ་འབྱེད་བྱས་པ་བརྒྱུད། སྲི་གཅོད་ཁྱིམ་གྱི་ལོའི་ཡོང་འབབ་རྒྱལ་ཁབ་ཀྱི་དབུལ་སྒྲོལ་ཚད་གཞིར་སླེབས་མེད་པར་བརྟེན། ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོའི་གྲས་སུ་བཅུག་པ་རེད། གནས་ཚུལ་དེ་ཤེས་རྗེས་སྲི་གཅོད་སེམས་པ་མ་སྐྱིད་པར་གྱུར་ནས“འཚོ་བ་འདི་འདྲ་སྐྱེལ་ན་མི་འགྲིག”སྙམ།

ཐབས་ཤེས་ནི་དཀའ་ངལ་ལས་མང་། སྲི་གཅོད་དང་ཁྱིམ་མིས་གྲོས་བྱས་ནས་དེ་ཙམ་མང་པོ་མེད་པའི་གསོག་དངུལ་ཁར། སྤུན་མཆེད་དང་གྲོགས་པོའི་ས་ནས་དངུལ་ཕྲན་ཙམ་གཡར་ཏེ་གྲོང་ཚོར་ཚོང་ཁང་ཆུང་ཆུང་ཞིག་བཙུགས་ནས། གཙོ་བོ་རྒྱུན་གཏན་གྱི་འཚོ་བའི་མཁོ་ཆས་བཙོངས་བས་འཚོ་བ་ཉིན་བཞིན་ཡག་ཏུ་ཕྱིན།

མཚོ་མ་ཤང་ནི་རྫོང་གྲོང་དུ་འགྲོ་སའི་ལམ་གཙོ་བོ་ཞིག་ཡིན་པ་དང་ཡུལ་མི་ཡང་ཅུང་གཅིག་བསྡུས་ཡོད་པ་ཤེས་རྗེས། སྲི་གཅོད་ཀྱིས་ཤང་གནས་ཡུལ་གྱི་མ་ལམ་ཟུར་དུ་གུར་ཁ་ཤས་ཕུབ་སྟེ“སྤྲོ་སྐྱིད་གླིང་ཁ”བཙུགས་ནས་དབྱར་ཁའི་དུས་ཚོད་ཡག་ཤོས་ཀྱི་ཟླ་བ་གསུམ་ལ་དེར་གླིང་ཁ་གཏོང་བར་ཡོང་མཁན་ཡུལ་མིར་སྣེ་ལེན་བྱས་པས་ཡོང་འབབ་ཀྱང་རིམ་བཞིན་མང་དུ་ཕྱིན།

2016ལོའི་ལོ་མཇུག་ཏུ་སྲི་གཅོད་དང་ཁྱིམ་མི་ཚོས་རྩིས་ཤིག་བརྒྱབ་པ་སྟེ། “སྤྲོ་སྐྱིད་གླིང་ཁ”ནས་ཡོང་འབབ་སྒོར་5600ལྷག་ཙམ་དང་། ཚོང་ཁང་ཆུང་ཆུང་ནས་ཁེ་གཙང་སྒོར་ཁྲི་2.1 སྣོད་བཅུད་ལས་གནས་ཀྱི་ཁ་གསབ་སྒོར་6000བཅས་བསྡོམས་ཚེ་ཁྱིམ་ཚང་ལ་ལོའི་ཡོང་འབབ་སྒོར་ཁྲི་3ལྷག་ཡོད་པ་རེད།

ཉིན་འགའ་སོང་རྗེས། དམིགས་བསལ་གྱི་རེ་ཞུའི་ཡི་གེ་ཞིག་གྲོང་ཚོ་ཨུ་ལྷན་དུ་བསྐྱལ་བ་རེད། དེའི་ནང་ཁོ་བོའི་ཁྱིམ་ནི་མཚོ་མ་ཤང་མཚོ་ཡག་མ་གྲོང་ཚོའི་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོ་ཞིག་ཡིན། 2016ལོར་ཁྱིམ་ཚང་གི་མི་རེའི་ཆ་སྙོམས་ཁེ་གཙང་ཡོང་འབབ་སྒོར་8000ལས་བརྒལ་ནས “སེམས་ཁྲལ་མི་དགོས་པ་གཉིས་དང་འགན་ལེན་གསུམ”གྱི་ཚད་གཞིར་སླེབས་པར་བརྟེན་རང་ཉིད་དབུལ་སྒྲོལ་བྱེད་འདོད་ཡོད་པས། གྲོང་ཚོ་ཨུ་ལྷན་གྱིས་རང་ཉིད་ཀྱིས་བསྐྱལ་བའི་དབུལ་སྒྲོལ་རེ་ཞུའི་ཡི་གེར་དཔྱད་ཞིབ་བྱ་རྒྱུའི་རེ་བ་ཡོད་ཅེས་འཁོད་ཡོད་པ་དང་། དེའི་མཇུག་ཏུ་སྲི་གཅོད་ནས་ཞེས་བྲིས་ཡོད།

སྲི་གཅོད་ཀྱིས་རང་ཉིད་ཀྱི་འཇོན་ཐང་ལ་བརྟེན་ནས་དབུལ་སྒྲོལ་བྱུང་བའི་གཏམ་བཟང་དེ་གང་སར་ཁྱབ་རྗེས། གྲོང་ཚོའི་མི་ཚང་མས་ཁོང་ནི“ཕྱུག་འགྱུར་འཇོན་ཐང་ཅན་ཆུང་ཆུང”དང“སློབ་སྦྱོང་བྱ་ཡུལ་གྱི་མིག་དཔེ”རེད་ཅེས་བསྔགས་བརྗོད་བྱེད་ཀྱི་ཡོད།

2017ལོར་དུད་ཚང་དབུལ་པོ་དེ་བས་མང་བ་དབུལ་སྒྲོལ་ཡོང་བར་རོགས་རམ་བྱས་ནས་ཡུལ་མིའི་འབབ་འཕར་ཕྱུག་འགྱུར་གྱི་སེམས་ཤུགས་གཅིག་ཏུ་སྒྲིལ་ཆེད། མཚོ་ཡག་མ་གྲོང་ཚོར“གྲོང་ཚོ་རེ་ལ་མཉམ་ལས་ཁང་རེ”འཛུགས་རྒྱུའི་ཐག་བཅད་དེ། ཡུལ་མི་ཚང་མས་དམངས་གཙོའི་ལམ་ནས་འདེམས་ཤོག་འཕངས་ནས། སྲི་གཅོད་མཉམ་ལས་ཁང་གི་ལས་འཛིན་འགོ་པར་གདམ་རྒྱུའི་མོས་མཐུན་མགྲིན་གཅིག་ཏུ་ཐོབ་ཡོད། “སྲི་གཅོད་དེ་སྔོན་ཚོང་བརྒྱབ་མྱོང་བས། ཐབས་ཤེས་མང་པོ་ཡོད། དེར་བརྟེན་ང་ཚོར་ཁོང་གིས་ལས་འགན་འདི་འཁུར་ཐུབ་པའི་ཡིད་ཆེས་ཡོད”ཅེས་ཤང་གི་ལས་བྱེད་པ་ཞིག་གིས་བཤད།

སྲི་གཅོད་ཀྱིས་འགན་འཁྲི་ལྕི་བ་དང་སྒྱིད་ལུག་བྱེད་མི་ཉན་པ་ཤེས་ནས་ལྗོངས་ཡོངས་ཀྱི་ཞིང་འབྲོག་པའི་ཆེད་ལས་མཉམ་ལས་ཁང་གི་རྩ་འཛུགས་ཀྱི་སྲིད་ཇུས་དང་ལས་གཏོད་གསོ་སྦྱོང་འཛིན་གྲྭར་ལམ་སེང་མིང་ཐོ་བཀོད་དེ་ཞུགས་པ་དང་སློབ་མཇུག་འགྲིལ་བའི་ལག་ཁྱེར་ཡང་བདེ་བླག་ངང་རག་ཡོད།

ཨ་མདོ་རྫོང་གི་ལས་ཡུལ་ཁག་ལ་ཨར་སྐྲུན་རྒྱུ་ཆ་མི་འདང་བ་ཤེས་རྗེས། སྲི་གཅོད་ཀྱིས་གྲོང་ཚོའི“ཨུ་ལྷན་གཉིས”དང་གྲོས་བྱས་ཏེ། “དབུལ་སྐྱོར་ས་ཕག་བཟོ་གྲྭ”ཞིག་འཛུགས་རྒྱུའི་འཆར་གཞི་བཀོད།“བྱེ་མ་གྲོང་ཚོར་ཡོད་ལ། ཨར་འདམ་སྡེབ་ཉོ་བྱེད་ཆོག་པ་མ་ཟད། རྣམ་གྲངས་ཐོག་མར་གཉེར་བའི་མ་དངུལ་གྱིས་སྒྲིག་ཆས་ཉོ་ཆོག”ཅེས་སྲི་གཅོད་ཀྱིས་བཤད་པ་དང་། ཁོང་གིས་གྲོང་ཚོར་ངལ་རྩོལ་ནུས་ཤུགས་མང་བས་ཚང་མས་ནུས་ཤུགས་འདོན་ཚེ་ཡོང་འབབ་མི་རག་པ་མེད་ཅེས་བཤད།

མི་རིང་བར“མཚོ་ཡག་མ་གྲོང་ཚོའི་དར་རྒྱས་ཆེད་ལས་མཉམ་ལས་ཁང”གི་སྒོ་བྱང་བཀལ་བ་དང་། མཉམ་ལས་ཁང་དུ་མཁོ་བའི་སྒྲིག་ཆས་དང་རྒྱུ་ཆ་དབོར་བ། ཡུལ་མི་ལས་གྲུབ་པའི་བཟོ་པའི་རུ་ཁག་ཀྱང་བཙུགས་པ་མ་ཟད། སྲི་གཅོད་ཀྱིས་དེ་སྔོན་ཚོང་བརྒྱབ་མྱོང་བར་བརྟེན་ནས་ཕྱོགས་གང་སར་ཨར་སྐྲུན་བྱ་ཡུལ་བཙལ་བས་ཐོན་ཟོག་བྲིན་ཁ་ཧ་ཅང་རྒྱུག་པོ་བྱུང་ཡོད།

2018ལོའི་ལོ་མཇུག་ཏུ“དབུལ་སྐྱོར་ས་ཕག་བཟོ་གྲྭར”ཡོང་འབབ་ཁེ་གཙང་སྒོར་ཁྲི་19ལྷག་བྱུང་ནས་གྲོང་ཚོ་ཡོངས་ཀྱི་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོ་57ལ་སྣེ་ཁྲིད་ཐུབ་སྟེ་ཆ་སྙོམས་དུད་ཚང་དབུལ་པོ་རེར་ཁེ་སྤོགས་སྒོར་1500བགོ་ཐུབ་པ་བྱུང་ཡོད།

སྲི་གཅོད་ཀྱི་སྐོར་གླེང་མ་ཐག་གྲོང་ཚོའི་མི་ཚང་མས་བསྔགས་བརྗོད་མི་བྱེད་མཁན་གཅིག་ཀྱང་མེད། སྐལ་བཟང་ནི་དེའི་ཁྲོད་ཀྱི་གཅིག་རེད། འདི་ལོ་ལོ་34ལ་སླེབས་པའི་སྐལ་བཟང་ནི་དུས་རྟག་ཏུ་ཕྱིར་གླ་པ་རྒྱུག་པར་འགྲོ་བས་གྲོང་ཚོའི་ཆེད་ལས་གླ་པ་ཞིག་རེད། གྲོང་ཚོའི་ནང་མཉམ་སྡེབ་ཀྱི་ཐོན་ལས་ཤིག་བཙུགས་ཡོད་པ་ཐོས་རྗེས། སྐལ་བཟང་གིས་ཉེ་ས་དང་སྟབས་བདེ་སར་ལས་ཀ་ཞིག་བཙལ་ཏེ་འཚོ་བ་ཡག་པོ་ཞིག་སྐྱེལ་དགོས་བསམ་ཞིང་། སྲི་གཅོད་ཀྱིས་གནས་ཚུལ་དེ་ཤེས་རྗེས། སྐལ་བཟང་ལམ་སེང་བཟོ་གྲྭའི་ལས་མིར་བཅུག་པ་དང་། ལོ་གཅིག་ལྷག་ཙམ་རིང་། སྐལ་བཟང་གིས་དཀའ་སྤྱད་ཀྱི་རྔུལ་ཆུར་བརྟེན་ནས་གཏན་འཇགས་ཀྱི་འཚོ་བ་ཞིག་སྐྱེལ་རྒྱུ་བྱུང་ཡོད།

ད་ཆ་སྲི་གཅོད་ཀྱི་ཁྱིམ་ཉེ་རིང་གང་སར་སྐད་གྲགས་ཆོད་པའི“འབྱོར་འབྲིང་གི་དུད་ཚང”ཞིག་ཏུ་གྱུར། ཁོང་གི་བུ་མོ་པད་མ་བདེ་ཆེན་ཨ་མདོ་རྫོང་སློབ་འབྲིང་དུ་སློབ་ཁྲིད་བྱས་ནས་ལས་ཀ་གཏན་འཇཌ་ཡོད་པ་དང་། བུ་ཚེ་རིང་བསམ་འཕེལ་མཐོ་རིམ་སློབ་འབྲིང་འགྲིམ་ནས་སློབ་སྦྱོང་ཡག་པོ་ཡོད། བཟའ་ཟླས་ཁྱིམ་ཚང་གི་ཐོན་ལས་ཆུང་ངུ་གཉེར་སྐྱོང་བྱས་ནས་ཡོང་འབབ་མི་དམན་པ་ཡོད། “ངའི་ལས་ཀ་ནི་ཡུལ་མི་ཚོའི་སྣེ་ཁྲིད་དེ་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་རྒྱ་ཆེ་རུ་བཏང་སྟེ་ཚང་མ་ཕྱུག་པོ་ཆཌ་པར་བྱ་རྒྱུ་དེ་ཡིན”ཞེས་སྲི་གཅོད་ཀྱིས་བཤད།