《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2021年04月30日

དུས་ཚིགས་དང་པོར་རང་ལྗོངས་ཀྱི་གྲོང་གསེབ་ཀྱི་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་དུས་མཚུངས་ལས16.7%འཕར་བ།

མང་ཚོགས་ཀྱི་ཡོང་འབབ་དེ་བས་མང་དུ་ཕྱིན་པ།

འདི་ག་ཚགས་པར་གྱི་གསར་འགོད་པ། ལི་མའེ་དབྱིང་།

འདི་ལོའི་དུས་ཚིགས་དང་པོར་རང་ལྗོངས་ཀྱི་གྲོང་གསེབ་ཀྱི་ཡུལ་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་2115ཟིན་ཏེ་དུས་མཚུངས་ལས་16.7%འཕར་བ་དེ་རྒྱལ་ཡོངས་ཀྱི་ཆ་སྙོམས་ཆུ་ཚད་ལས་བརྒྱ་ཆའི་གྲངས་0.4ཡིས་མཐོ་བ་ཡོད་པ་མ་ཟད། རང་ལྗོངས་ཀྱི་གྲོང་གསེབ་ཀྱི་ཡུལ་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་ཁག་བཞི་གྲུབ་ནས་ཕྱོགས་ཡོངས་ནས་འཕར་བའི་རྣམ་པ་མངོན་པ་དང་། གླ་ཆའི་རང་བཞིན་གྱི་ཡོང་འབབ་དང་། གཉེར་སྐྱོང་གི་ཁེ་གཙང་ཡོང་འབབ། རྒྱུ་ནོར་གྱི་ཁེ་གཙང་ཡོང་འབབ། གཞན་སྒྱུར་གྱི་ཁེ་གཙང་ཡོང་འབབ་བཅས་སོ་སོར་དུས་མཚུངས་ལས་34.8%དང་། 8.3% 67.7% 4.1%བཅས་འཕར་ཡོད་པ་རེད།

རྒྱལ་ཁབ་བསྡོམས་རྩིས་ཅུས་བོད་ལྗོངས་བརྟག་ཞིབ་སྤྱི་ཁྱབ་རུ་ཁག་གི་སྤྱི་ཁྱབ་རུ་དཔོན་གཞོན་པ་ལི་ཧྥང་ཕིང་གིས་དབྱེ་ཞིབ་བྱས་པར། དབུལ་སྒྲོལ་འགག་སྒྲོལ་གྱི་ལས་དོན་ཕུན་སུམ་ཚོགས་པོའི་ངང་མཇུག་འགྲིལ་བ་དང་བསྟུན་ཏེ། རང་ལྗོངས་ཀྱིས་གྲོང་གསེབ་ཀྱི་ངལ་ནུས་ལྷག་མ་ལས་ཞུགས་གཞན་སྒྱུར་ཐུབ་ཚད་སྔར་བས་མང་དུ་ཕྱིན་པ་དང་། འདི་ལོའི་དུས་ཚིགས་དང་པོར་ཞིང་འབྲོག་པ་ཁྲི་19.63ལས་ཞུགསགཞན་སྒྱུར་་ཐུབ་ནས་ཡོང་འབབ་སྒོར་དུང་ཕྱུར་9.97བྱུང་བ་དང་ཆབས་ཅིག ལྗོངས་ཡོངས་ཀྱི་མ་དངུལ་སྒོར་ཁྲི་400མན་གྱི་ལས་གྲྭ་འབྲིང་ཆུང་ཞིང་འབྲོག་པའི་ཨར་པོའི་རུ་ཁག་ལ་འགན་གཙང་སྤྲད་པ་དང་། ལྷ་ཉིང་ལྕགས་ལམ་དང་། ལྷ་ནག་མྱུར་བགྲོད་གཞུང་ལམ། ལྷ་གཞིས་མྱུར་བགྲོད་གཞུང་ལམ། ལྷ་ས་གོང་དཀར་གནམ་ཐང་རྒྱས་སྐྲུན་སོགས་རྣམ་གྲངས་ཆེ་གྲས་ལ་ས་གནས་དེ་གའི་ཞིང་པ་ལས་མི་མང་པོ་བསྡུས་ཏེ་གྲོང་གསེབ་ཀྱི་ངལ་ནུས་ལས་ཞུགས་ཐབས་ལམ་ཡངས་སུ་བཏང་བ་དང་། ཞིང་འབྲོག་མང་ཚོགས་ཚོའི་ཡོང་འབབ་མང་དུ་བཏང་བ། གླ་ཆའི་རང་བཞིན་གྱི་ཡོང་འབབ་མགྱོགས་མྱུར་མང་དུ་ཕྱིན་པ་བཅས་བྱུང་ཡོད་པ་རེད།

གྲངས་གཞི་ལས་མངོན་གསལ། དུས་ཚིགས་དང་པོར་རང་ལྗོངས་ཀྱི་གྲོང་གསེབ་ཀྱི་ཡུལ་མི་མི་རེའི་ཆ་སྙོམས་གླ་ཆའི་རང་བཞིན་གྱི་ཡོང་འབབ་སྒོར་600ཟིན་པ་དེ་དུས་མཚུངས་ལས་34.8%འཕར་ཏེ། གྲོང་གསེབ་ཀྱི་ཡུལ་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་བརྒྱ་ཆའི་གྲངས་8.6འཕར་བར་སྐུལ་ཁྲིད་ཐུབ་ཡོད་ལ། གླ་ཆའི་རང་བཞིན་གྱི་ཡོང་འབབ་འབབ་འཕར་གྱི་རྒྱུ་རྐྱེན་གཙོ་བོར་གྱུར་ཡོད།

གླ་ཆའི་རང་བཞིན་གྱི་ཡོང་འབབ་འཕར་བ་དང་ཆབས་ཅིག རང་ལྗོངས་ཀྱི་གྲོང་གསེབ་ཀྱི་ཡུལ་མིའི་གཉེར་སྐྱོང་རང་བཞིན་གྱི་ཡོང་འབབ་ཀྱང་རྒྱུན་ཆད་མེད་པར་འཕར་བ་དང་། ལྷག་པར་དུ་ཡུལ་སྐོར་ཐོན་ལས་མགྱོགས་མྱུར་སླར་གསོ་བྱུང་བ་ལས་སྐུལ་ཁྲིད་ཐུབ་ཤུགས་དེ་བས་མངོན་གསལ་དོད་པོ་བྱུང་ཡོད། དུས་ཚིགས་དང་པོར་བོད་ཡོངས་ཀྱིས་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བ་མི་ཐེངས་ཁྲི་171.00ལ་སྣེ་ལེན་ཞུས་པ་དེ་དུས་མཚུངས་ལས་ལྡབ་2.4འཕར་བ་དང་། ཡུལ་སྐོར་ཡོང་འབབ་སྒོར་དུང་ཕྱུར་13.78བྱུང་སྟེ་ལྡབ་3.1འཕར་ཡོད། ཡུལ་སྐོར་གཟིགས་སྐྱོར་སྲིད་ཇུས་ཀྱིས་ཐོན་ལས་གསུམ་པའི་གཉེར་སྐྱོང་གི་ཁེ་གཙང་ཡོང་འབབ་མགྱོགས་མྱུར་འཕར་བར་འདེགས་སྐྱོར་བྱས་ཡོད་པ་རེད།

ལི་ཧྥང་ཕིང་གིས“རྒྱལ་ཁབ་ཀྱིས‘ས་ཆ་དེ་རང་དུ་ལོ་གསར་གཏོང་བའི’འབོད་སྐུལ་དང‘དགུན་དུས་བོད་ལ་ཡུལ་སྐོར་དུ་སྐྱོད་པའི’གཟིགས་སྐྱོང་སྲིད་ཇུས་ཀྱི་སྐུལ་སློང་འོག་ཡུལ་སྐོར་ལས་རིགས་འཕེལ་རྒྱས་སླར་གསོ་བྱུང་སྟེ་སྡེབ་ཚོང་དང་། སིལ་ཚོང་། ཞག་སྡོད། བཟའ་བཏུང་ལས་རིགས་བཅས་ཀྱི་འཕེལ་རྒྱས་ལ་སྐུལ་འདེད་ནུས་ལྡན་ཐེབས་ནས་འཛད་སྤྱོད་ཁྲོམ་ར་འཁྲུག་ཆ་དོད་དུ་སོང་ཡོད”ཅེས་བཤད།

དེ་དང་ཆབས་ཅིག་གྲོང་གསེབ་དར་རྒྱས་འཐབ་ཇུས་ལ་རྒྱུན་མཐུད་སྐུལ་འདེད་གཏོང་བ་དང་བསྟུན་ནས། ཞིང་འབྲོག་མང་ཚོགས་ཀྱི་རྒྱུ་ནོར་གྱི་ཁེ་གཙང་ཡོང་འབབ་མགྱོགས་མྱུར་འཕར་ཡོད། ཉེ་བའི་ལོ་ཤས་རིང་རང་ལྗོངས་ཀྱིས་གྲོང་གསེབ་ཀྱི་ཐོན་དབང་ལམ་ལུགས་སྒྱུར་བཅོས་ལ་སྐུལ་འདེད་ཧུར་ཐག་བཏང་སྟེ། གྲོང་གསེབ་ཀྱི་ཐོན་དབང་རྒྱུ་རྐྱེན་གོ་རིམ་ལྡན་པའི་ངང་འཁོར་སྐྱོད་ཐུབ་པར་སྐུལ་འདེད་ནུས་ལྡན་གཏོང་བ་དང་། གྲོང་གསེབ་ཀྱི་མཉམ་སྡེབ་དཔལ་འབྱོར་འཕེལ་རྒྱས་དང་རྒྱ་སྟོབས་ཆེ་རུ་གཏོང་བ། གྲོང་གསེབ་ཀྱི་ཡུལ་མིའི་རྒྱུ་ནོར་ཡོང་ཁུངས་ཉིན་རེ་བཞིན་སྣ་མང་ཅན་བཅས་བྱུང་ནས། དེ་ཞིང་པའི་འབབ་འཕར་ལ་སྐུལ་འདེད་གཏོང་བའི་ཁ་གསབ་གལ་ཆེན་ཞིག་ཏུ་གྱུར་ཡོད། དུས་ཚིགས་དང་པོར་རང་ལྗོངས་ཀྱི་གྲོང་གསེབ་ཀྱི་ཡུལ་མི་མི་རེའི་ཆ་སྙོམས་རྒྱུ་ནོར་གྱི་ཁེ་གཙང་ཡོང་འབབ་སྒོར་156ཡོད་པ་ལས། ས་ཞིང་གི་གཉེར་སྐྱོང་དབང་ཆ་ནང་བཤུག་དང་འགན་གཙང་གཏོང་བའི་བོགས་དངུལ་གྱི་མི་རེའི་ཆ་སྙོམས་ཁེ་གཙང་ཡོང་འབབ་དང་། བོགས་གཏོང་ཁང་པའི་རྒྱུ་ནོར་རང་བཞིན་གྱི་ཡོང་འབབ། ཁེ་སྤོགས་ཡོང་འབབ་བཅས་སོ་སོར་སྒོར་17དང་། སྒོར་15 སྒོར་11བཅས་འཕར་ཡོད།

དབུལ་སྐྱོར་ཐ་སྐྱོང་ལས་མང་ཚོགས་ཚོ་དེ་བས་གདེང་ཚོད་ཡོད་པར་བྱས་ཤིང་། འཕེལ་རྒྱས་ཀྱི་གྲུབ་འབྲས་ལས་མི་དམངས་ཡོངས་ལ་ཕན་པ་དེ་བས་ཆེ་བ་ཐོབ་པར་བྱེད་པ་ནི་སྤྱི་ཚོགས་འགན་སྲུང་གི་བདེ་འཇགས་དྲ་བ་ཚགས་དམ་དུ་གཏོང་བའི་འགག་རྩ་རེད། རང་ལྗོངས་ཀྱི་གྲོང་གསེབ་ཀྱི་ཡུལ་མིའི་རྒན་གསོ་འགན་བཅོལ་དང་། སྨན་བཅོས་འགན་བཅོལ། མ་མཐའི་འཚོ་བའི་འགན་སྲུང་སོགས་སྤྱི་ཚོགས་འགན་བཅོལ་ཡོངས་ཁྱབ་གཞི་རྩའི་ཆ་ནས་མངོན་འགྱུར་བྱུང་ཡོད། 2021ལོར་རང་ལྗོངས་ཀྱི་གཞི་རྩའི་རྒན་གསོའི་དངུལ་གྱི་ཚད་གཞི་མི་རེར་ཟླ་རེར་སྒོར་185ནས་205བར་སྤར་བ་དང་། གྲོང་གསེབ་ཀྱི་མ་མཐའི་འཚོ་བའི་འགན་སྲུང་གི་ཚད་གཞི་མི་རེར་ལོ་རེར་སྒོར་4713ནས་སྒོར་5060བར་སྤར་ནས་མ་མཐའི་འཚོ་བའི་འགན་སྲུང“འགན་སྲུང་བྱེད་དགོས་རིགས་ཚང་མ་འགན་སྲུང”བྱུང་ཡོད། སྤྱི་ཚོགས་འགན་སྲུང་ཕྱོགས་ཡོངས་འཕེལ་རྒྱས་ཕྱིན་པ་དེས་རང་ལྗོངས་ཀྱི་ཞིང་འབྲོག་མང་ཚོགས་ཀྱི་གཞན་སྒྱུར་ཁེ་གཙང་ཡོང་འབབ་བརྟན་པོའི་ངང་འཕར་བར་སྐུལ་མ་ཐེབས་ཡོད་པ་རེད།

(པད་ཆོས་ཀྱིས་བསྒྱུར། བདེ་སྐྱིད་དང་པད་ཆོས་ཀྱིས་ཞུས)