《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2021年04月30日

“སྨན་ཁང་དེ་ནི་ང་ཚོ་ནད་བསྟེན་སའི་སྒར་ས་ཆེ་མོ་ཡིན”

—— ཆབ་མདོ་གྲོང་ཁྱེར་སྟེང་ཆེན་རྫོང་གི་དམིགས་བསལ་དཀའ་ངལ་ཡོད་པའི་མི་སྣ་ཁྲེང་ཏུར་སྨན་བཅོས་བྱེད་པར་བསྐྱོད་པའི་སྐོར་བཀོད་པ།

སྐལ་བཟང་བདེ་ཆེན་སླར་ཡང་ཁྲེང་ཏུར་བཅའ་སྡོད་བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་དོན་གཅོད་ཁྲུའི་སྨན་ཁང་དུ་སྨན་བཅོས་བྱེད་པར་ཡོང་ཞིང་། ཁོང་རྒྱུས་མངའ་ཆེན་པོས་ནད་སྡོད་པུའི་ཐོག་སོ་ལྔ་པའི་རུས་ནད་ཚན་ཁག་གི་ནད་ཁང་དུ་བསྐྱོད།

ནད་པ་མིན་ལ་ནད་པའི་ནང་མི་ཡང་མིན་མོད། འོན་ཀྱང་དོན་སྙིང་ངེས་ཅན་ཞིག་གི་ཐོག་ནས་བརྗོད་ན། སྐལ་བཟང་བདེ་ཆེན་ནི་ནད་པ་མང་པོའི་ནང་མི་ཡིན་ཏེ། རྒྱུ་མཚན་ནི་ཁོ་མོ་ཆབ་མདོ་གྲོང་ཁྱེར་སྟེང་ཆེན་རྫོང་གི་དམིགས་བསལ་དཀའ་ངལ་ཡོད་པའི་མི་སྣའི་གཅིག་སྡུད་བསྙེན་བཀུར་ཞབས་ཞུའི་ལྟེ་གནས་ཀྱི་འགན་འཁུར་བ་རེད། ཉེ་ཆར་ཁོང་གིས་སླར་ཡང་ནད་པ་12སྟེང་ཆེན་རྫོང་ནས་ཁྲེང་ཏུར་བཅའ་སྡོད་བོད་ལྗོངས་དོན་གཅོད་ཁྲུའི་སྨན་ཁང་དུ་སྨན་བཅོས་བྱེད་པར་ཁྲིད།

ནད་པ་12ཡོད་པའི་ཁྲོད་ནས་ལོ་ན་མཐོ་ཤོས་ལོ་བརྒྱད་ཅུར་སླེབས་པ་དང་ཆུང་ཤོས་ལོ་17ལ་སླེབས་ཡོད། ཁོང་ཚོ་མང་ཆེ་བར་པུས་ཚིགས་དང་དཔྱི་ཚིགས་ཀྱི་ནད་ཚབས་ཆེན་ཕོག་ཡོད་པ་དང་། ལ་ལ་རྒྱུན་གཏན་ལྟར་འགྲོ་མི་ཐུབ་པ། ལ་ལ་ལངས་ཀྱང་ཐུབ་ཀྱི་མེད་པས། གལ་ཏེ་དུས་ཐོག་ཏུ་སྨན་བཅོས་མ་བྱས་ཚེ་རྐང་པ་ཞ་རིལ་ཆགས་ཉེན་ཡོད། སྟེང་ཆེན་རྫོང་གི་དམིགས་བསལ་དཀའ་ངལ་ཡོད་པའི་མི་སྣའི་གཅིག་སྡུད་བསྙེན་བཀུར་ཞབས་ཞུའི་ལྟེ་གནས་ཀྱི་མཐུན་སྦྱོར་དང་བཀོད་སྒྲིག་འོག་ཁོང་ཚོས་ལ་ཀླུང་མང་པོ་བརྒྱབ་སྟེ། ཁྲེང་ཏུར་བཅའ་སྡོད་བོད་ལྗོངས་དོན་གཅོད་ཁྲུའི་སྨན་ཁང་གི་རུས་ནད་ཚན་ཁག་ཏུ་ནད་བསྟེན་པར་ཡོང་།

ནད་པ་12དེ་དག་ལ་སྨན་བཅོས་དེ་བས་ལེགས་པ་བྱ་ཆེད། ཁྲེང་ཏུར་བཅའ་སྡོད་བོད་ལྗོངས་དོན་གཅོད་ཁྲུའི་སྨན་ཁང་གིས་ནད་ཁྲི་དཀོན་པའི་གནས་ཚུལ་འོག་འཕྲལ་མར་ནད་པ་དེ་དག་ལ་ཉལ་ཁྲི་བཀོད་སྒྲིག་བྱས་པ་མ་ཟད། ད་དུང་སྨན་བཅོས་ལག་རྩལ་ཡག་པའི་སྨན་པ་ཆེད་མངགས་བཀོད་སྒྲིག་བྱས་ནས་སྨན་བཅོས་བྱེད་འགོ་ཚུགས།

“ང་ཚོས་ཉམས་མྱོང་ཕུན་སུམ་ཚོགས་པའི་སྨན་གཡོག་བཀོད་སྒྲིག་བྱས་ཏེ་ནད་པའི་རྒྱུན་གཏན་གྱི་ནད་སྐྱོང་གི་འགན་འཁུར་དུ་བཅུག་ནས་ཁོང་ཚོར་སྨན་བཅོས་ཀྱི་ཕན་འབྲས་དེ་བས་ལེགས་པ་ཐོབ་པར་བྱས་ཡོད། དེ་ལྟར་བྱས་ཚེ་གཤགས་བཅོས་བྱས་རྗེས་ཀྱི་དྲག་སྐྱེད་ལའང་ཕན་ཐོགས་ཡོད། སྨན་དོན་མི་སྣའི་ཐུན་མོང་འབད་བརྩོན་འོག་ནད་པ་མང་པོ་ཞིག་གཤགས་བཅོས་བྱས་རྗེས་ཀྱི་དུས་ཐུང་ཉིན་ཁ་ཤས་ནང་ནད་སྐྱོང་མི་སྣའི་རོགས་སྐྱོར་འོག་འགྲོ་ཐུབ་ཀྱི་འདུག”ཅེས་ཁྲེང་ཏུར་བཅའ་སྡོད་བོད་ལྗོངས་དོན་གཅོད་ཁྲུའི་སྨན་ཁང་གི་རུས་ནད་ཚན་ཁག་གི་ཀྲུའུ་རེན་གཞོན་པ་ལི་ཆང་གིས་ངོ་སྤྲོད་བྱས།

(པར་ངོས་བཞི་པར་གཟིགས)

(པར་ངོས་དང་པོར་མཐུད)

“རྐང་པ་འདི་གཉིས་ལོ་མང་རིང་གུག་པ་ད་ཆ་གཞི་ནས་འདྲོང་པོར་རྐྱོང་ཐུབ་སོང་། ཁྲེང་ཏུར་བཅའ་སྡོད་བོད་ལྗོངས་དོན་གཅོད་ཁྲུའི་སྨན་ཁང་གི་སྨན་པ་རྣམས་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན”ཞེས་ནད་པ་གྲགས་རྡོར་ལ་རུས་ཚིགས་ནད་ཕོག་ནས་ལོ་བཅུ་ལྷག་ཙམ་སོང་བ་དང་། གཤགས་བཅོས་མ་བྱས་གོང་རྐང་པ་གཉིས་ཀ་རྐྱོང་ཐུབ་ཀྱི་མེད། ན་ནིང་ཁོང་གིས་ཁྲེང་ཏུར་བཅའ་སྡོད་བོད་ལྗོངས་དོན་གཅོད་ཁྲུའི་སྨན་ཁང་དུ་གཞོགས་གཅིག་གི་རུས་ཚིགས་བརྗེ་བའི་གཤགས་བཅོས་བྱས་པ་དང་། ད་ཐེངས་གཅིག་སྡུད་བསྙེན་བཀུར་ཞབས་ཞུའི་ལྟེ་གནས་ཀྱི་ལས་དོན་མི་སྣའི་ལྟ་སྐྱོང་འོག་སླར་ཡང་འདི་གར་གཞོགས་གཅིག་ཤོས་ཀྱི་རུས་ཚིགས་བརྗེ་བའི་གཤགས་བཅོས་བྱེད་པར་ཡོང་བ་དང་། གཤགས་བཅོས་ཐེངས་གཉིས་ཀ་ཧ་ཅང་བདེ་བླག་བྱུང་ཡོད།

ནད་པ་དྲག་སྐྱེད་ཡག་པོ་ཡོང་ཆེད། ཁྲེང་ཏུར་བཅའ་སྡོད་བོད་ལྗོངས་དོན་གཅོད་ཁྲུའི་སྨན་ཁང་གི་སྨན་པས་ད་དུང་ནད་པ་སྨན་ཁང་ནས་དོན་རྗེས་ཀྱི་དྲག་སྐྱེད་ཡོང་ཐབས་དང་འདེགས་སྒྲོམ་སྒྲིག་སྟངས་སོགས་སློབ་ཀྱི་ཡོད། དེ་དང་ཆབས་ཅིག་ཁ་པར་དང་། སྐད་འཕྲིན། འཕྲིན་ཐུང་སོགས་བརྒྱུད་ནད་པ་དྲག་སྐྱེད་ཀྱི་གནས་ཚུལ་དང་། ལྟོ་ཆས་ཡག་པོ་ཟ་ཐུབ་མིན། གཉིད་ཡག་པོ་ཁུག་མིན། རྨ་ཁ་ཡག་པོ་གསོས་མིན་སོགས་སྐད་ཆ་མང་པོ་འདྲི་ཡི་ཡོད།

“ང་ཚོ་ཚང་མ་ཁྲེང་ཏུར་བཅའ་སྡོད་བོད་ལྗོངས་དོན་གཅོད་ཁྲུའི་སྨན་ཁང་ལ་ཡིད་ཆེས་ཆེན་པོ་ཡོད། ངས་ལོ་ལྟར་ནད་གཞི་ཚབས་ཆེ་བའི་དམིགས་བསལ་དཀའ་ངལ་ཡོད་པའི་མི་སྣ་འདི་གར་སྨན་བཅོས་བྱེད་པར་འཁྲིད་ཀྱི་ཡོད། འདི་གའི་སྨན་པའི་ལག་རྩལ་ཡག་ལ་འགྲོ་ལུགས་གཉེར་བདེ་བ་མ་ཟད། སྨན་དོན་མི་སྣ་ཚོས་ནད་པར་ལྟ་རྟོག་ཀྱང་ཡག་པོ་བྱེད་ཀྱི་འདུག་པས། ཁྲེང་ཏུར་བཅའ་སྡོད་བོད་ལྗོངས་དོན་གཅོད་ཁྲུའི་སྨན་ཁང་ནི་ང་ཚོ་ཁྲེང་ཏུར་ནད་བསྟེན་སའི‘སྒར་ས་ཆེ་མོ’ཡིན”ཞེས་སྐལ་བཟང་བདེ་ཆེན་གྱིས་བཤད།

(སྐལ་མཆོག་གིས་བསྒྱུར། བདེ་དབང་གིས་ཞུས)