《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2021年04月30日

དགའ་སྤྲོའི་འཛུམ་མདངས་སླར་ཡང་འཕྱུར།

མངའ་རིས་ཀྱི་མཆུ་རྐན་གཉིས་ཤོའི་ནད་པར་རིན་མེད་སྨན་བཅོས་བྱས་པ།

འདི་ག་ཚགས་པར་ཁང་དུ་སེང་གེ་ཁ་འབབ་ནས་ཟླ་4ཚེས་28ཉིན་གློག་འཕྲིན་འབྱོར་གསལ། ཚེས་27ཉིན། རང་སྐྱོང་ལྗོངས་མི་དམངས་སྨན་ཁང་གི་སྨན་བཅོས་ཤེས་ལྡན་མི་སྣའི་ཚོགས་སྒྲིག་རྣམ་པའི་བོད་སྐྱོར་རིགས་གཅིག་མཁས་ཅན་ཁག་དྲུག་པས་མངའ་རིས་ས་ཁུལ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་དང“ཀྲུང་ཧྭ་བྱིས་པའི་ཐེབས་རྩ་ལྷན་ཚོགས་ཀྱི་ལི་ཀེའི་ལོ་18ཀྱི་ཆེད་དོན་ཐེབས་རྩ”དང་མཉམ་འབྲེལ་ཐོག་སེང་གེ་ཁ་འབབ་གྲོང་རྡལ་དུ་ཞིང་འབྲོག་ཁུལ་གྱི་མཆུ་རྐན་གཉིས་ཤོའི་ནད་པར་རིན་མེད་སྨན་བཅོས་བྱེད་པའི་བྱེད་སྒོ་སྤེལ་ཞིང་། ད་ཐེངས་ཀྱི་བྱེད་སྒོ་སྔོན་དཔག་བྱས་ན་ཉིན་5ནས་7བར་སྤེལ་རྒྱུ་དང་པེ་ཅིང་གི་གྲགས་ཅན་བྱད་བཞིན་མཛེས་བཟོའི་རིགས་གཅིག་མཁས་ཅན་གྱིས་ནད་པ་24ལ་རིན་མེད་ངང་གཤགས་བཅོས་བྱ་རྒྱུ་རེད།

“ས་བབ་ཅུང་མཐོ་བའི་རྐྱེན་གྱིས་མངའ་རིས་ས་ཁུལ་དུ་མཆུ་རྐན་གཉིས་ཤོའི་ནད་པ་ཐོན་ཚད་ནང་ས་ལས་མང་བ་ཡོད། ང་ཚོས་ད་ཐེངས་ཀྱི་བྱེད་སྒོ་སྤེལ་བ་བརྒྱུད་ཞིང་འབྲོག་ཁུལ་གྱི་མཆུ་རྐན་གཉིས་ཤོའི་ནད་པར་སྤུས་ཚད་མཐོ་བའི་རིན་མེད་སྨན་བཅོས་དང་རོགས་སྐྱོབ་བརྒྱུད་སླར་ཡང་རང་ཡིད་རང་ཆེས་ཡོང་བ་བྱས་ཏེ་བདེ་སྐྱིད་ཀྱི་འཛུམ་མདངས་འཕྱུར་བའི་རེ་བ་ཡོད”ཅེས་ད་ཐེངས་ཀྱི་བྱེད་སྒོ་སྤེལ་མཁན་དང་། རང་སྐྱོང་ལྗོངས་མི་དམངས་སྨན་ཁང་གི་བོད་སྐྱོར་སྨན་པ། ཀྲུང་གོ་གསོ་རིག་ཚན་རིག་ཁང་གི་བྱད་བཞིན་མཛེས་བཟོའི་ཕྱི་ནད་སྨན་ཁང་གི་གཙོ་བཅོས་སྨན་པ་གཞོན་པ་བཅས་ཡིན་པའི་ཝང་ཁེ་མིང་གིས་བརྗོད།

“གལ་སྲིད་ད་ཐེངས་ཀྱི་བྱེད་སྒོ་དེ་སྤེལ་མེད་ཚེ། ངའི་ཚ་བོ་ཚེ་གང་མཆུ་ཤོའི་གནས་སུ་ལུས་ངེས་རེད”ཅེས་སྒེར་རྩེ་རྫོང་ནས་ཡིན་པའི་ནད་པའི་ནང་མི་དགའ་ལྡན་ཡེ་ཤེས་ཀྱིས་སེམས་འགུལ་ཐེབས་བཞིན་དུ་དེ་ལྟར་བརྗོད། ཉིན་དེར་སྨན་བཅོས་བྱེད་མཁན་དང་པོ་ཡིན་པའི་དགའ་ལྡན་ཡེ་ཤེས་ཀྱི་ཚ་བོ་ལྷུན་གྲུབ་ཀྱི་གཤགས་བཅོས་ལེགས་གྲུབ་བྱུང་ཡོད། “ལྷུན་གྲུབ་ཀྱི་གཤགས་བཅོས་ལམ་ལྷོངས་བྱུང་བར་ང་ཚོ་ཚང་མ་ཧ་ཅང་དགའ་པོ་བྱུང་། རིགས་གཅིག་མཁས་ཅན་རྣམ་པ་དང་བྱེད་སྒོའི་ནང་ཞུགས་མཁན་ཚང་མར་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན”ཞེས་བརྗོད།

ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཀྱི་འོས་འགན་སྨན་བཅོས་ཚོགས་པ་དེ་བྱད་བཞིན་མཛེས་བཟོའི་གཤགས་བཅོས་ཀྱི་བསླབ་རྒན་སྨན་པ་དང་། སྦྲིད་སྨན་སྨན་པ། ཉམས་མྱོང་ཕུན་སུམ་ཚོགས་པའི་ནད་སྐྱོང་པ་བཅས་མི་7ལས་གྲུབ་ཡོད།