《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2021年04月30日

བོད་རང་སྐྱོང་ལྗོངས་ཀྱིས་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོར་སྐུལ་འདེད་གཏིང་ཟབ་བཏང་བ།

གསར་བརྗེའི་སྲོལ་རྒྱུན་དར་སྤེལ་བཏང་སྟེ་འབད་འབུངས་ཡར་བརྩོན་གྱི་སྟོབས་ཤུགས་གཅིག་ཏུ་བསྒྲིལ་བ།

མི་དམངས་ཉིན་རེའི་ཚགས་པར་གྱི་གསར་འགོད་པ། ཧྲེན་ལིན་དང་ཡོན་ཆོན།

བོད་རང་སྐྱོང་ལྗོངས་ཀྱིས་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་སྤེལ་ནས་ཟླ་བ་གཅིག་ལྷག་ཙམ་རིང་། ལྗོངས་ཡོངས་ཀྱི་ཏང་ཡོན་ལས་བྱེད་པས་ཟབ་སྦྱོང་མཐིལ་རྟོགས་དང་། སྒྲོག་འགྲེལ་གཏིང་ཟབ། གསར་བརྗེའི་ཐོན་ཁུངས་ཡག་པོ་སྤྱོད་པ། “ངས་མང་ཚོགས་ལ་བྱ་བ་དངོས་སྒྲུབ་པའི”ལག་ལེན་བྱེད་སྒོ་སྤེལ་བ་སོགས་ཀྱི་ཐད་ཤུགས་སྣོན་བརྒྱབ་སྟེ་ཚད་མཐོའི་ཆབ་སྲིད་ཀྱི་རང་རྟོགས་དང་། བསམ་པའི་འཁྱེར་སོ་བཟང་པོ། དངོས་སྒྲུབ་ཀྱི་ལས་ཀའི་སྤྱོད་ཚུལ་བཅས་ཀྱི་ཐོག་ནས་ལྗོངས་ཡོངས་ཀྱི་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་རྒྱུན་ཆད་མེད་པར་གཏིང་ཟབ་ཕྱོགས་སུ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བཞིན་ཡོད་པ་རེད།

ཏང་ཀྲུང་དབྱང་གིས་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་སྐུལ་སློང་ཚོགས་ཆེན་འཚོགས་རྗེས་བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་འཕྲལ་མར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་གཏིང་ཟབ་དང་། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ། བོད་རང་སྐྱོང་ལྗོངས་ཀྱི་སློབ་སྦྱོང་སློབ་གསོའི་ལས་དོན་ལ་ཞིབ་འཇུག་དང་བཀོད་སྒྲིག་བཅས་བྱས་པ་རེད།

ཟླ་2ཚེས་21ཉིན་གྱི་སྔ་དྲོ། བོད་རང་སྐྱོང་ལྗོངས་ཀྱིས་ཏང་ཨུད་ཀྱི་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་འཚོགས་ནས་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་སྐུལ་སློང་ཚོགས་ཆེན་ཐོག་གནང་བའི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་དང་། རང་སྐྱོང་ལྗོངས་ཀྱི་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་འགོ་ཁྲིད་ཚོགས་ཆུང་དང་དེ་བཞིན་སྐོར་སྐྱོད་མཛུབ་ཁྲིད་ཚོགས་ཆུང་དང་། སྒྲོག་འགྲེལ་ཚོགས་པའི་ཁོངས་མི། ལག་བསྟར་ཇུས་གཞི་བཅས་ལ་ཞིབ་འཇུག་བྱས་པ་རེད། དེ་རྗེས་ལྗོངས་ཏང་ཨུད་ཀྱིས་ལྗོངས་ཡོངས་ཀྱི་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་སྐུལ་སློང་ཚོགས་ཆེན་འཚོགས་ཏེ་ལས་དོན་ཁག་ཁྱོན་ཡོངས་དང་གང་མགྱོགས་སྤེལ་བ་དང་གོ་རིམ་ལྡན་པའི་ངང་སྐུལ་འདེད་བཏང་ཡོད་པ་རེད།

བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝུའུ་དབྱིང་ཅེས“ལོ་རྒྱུས་སྦྱངས་ནས་གནས་ལུགས་གསལ་རྟོགས་དང་། ལོ་རྒྱུས་སྦྱངས་ནས་དད་སེམས་འཕེལ་བ། ལོ་རྒྱུས་སྦྱངས་ནས་སྤྱོད་བཟང་གོང་བཀུར། ལོ་རྒྱུས་སྦྱངས་ནས་ལག་ལེན་ནན་བསྟར་བཅས་བྱེད་དགོས་པའི་དམིགས་ཚད་བླང་བྱར་དམ་པོར་དམིགས་ཏེ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པར་གོ་བ་ལེན་པ་དང་། ཁོང་དུ་ཆུད་པ། དངོས་སུ་སྒྲུབ་པ་བཅས་བྱས་ཏེ་རྒྱ་ཆེའི་ཏང་ཡོན་ལ་གསར་བརྗེའི་སྙིང་སྟོབས་དར་སྤེལ་དང་། གསར་བརྗེའི་སྲོལ་རྒྱུན་དར་སྤེལ། གསར་བརྗེའི་ས་བོན་རྒྱུན་འཛིན་བཅས་བྱས་ནས་ཡང་དག་པའི་ལོ་རྒྱུས་ཀྱི་ལྟ་བ་བཙུགས་ཏེ་མེས་རྒྱལ་གཅིག་གྱུར་དང་མི་རིགས་མཐུན་སྒྲིལ་སྲུང་སྐྱོང་ནུས་ལྡན་བྱེད་པར་སློབ་གསོ་ཁྲིད་སྟོན་བྱེད་དགོས” ཞེས་གསུངས་པ་རེད།

འདི་ལོ་ལྗོངས་ཡོངས་སུ་སྤེལ་བཞིན་པའི“ཆབ་སྲིད་ཀྱི་ཚད་གཞི་དེ་བས་མཐོ་བ་དང་། ཏང་གཤིས་ཀྱི་བླང་བྱ་དེ་བས་ནན་པ། རྩ་འཛུགས་ཀྱི་སྒྲིག་ཁྲིམས་དེ་བས་དམ་པ”བཅས་བྱེད་དགོས་པའི་ཆེད་དོན་སློབ་གསོ་དང་བོད་རང་སྐྱོང་ལྗོངས་ཀྱི་ལྗོངས་ཐད་གཏོགས་ལས་ཁུངས་ལས་དོན་ཨུ་ལྷན་གྱི་ཧྲུའུ་ཅིས་ཏང་གི་སློབ་ཚན་ཁྲིད་པའི་བྱེད་སྒོ་དང་ཟུང་འབྲེལ་དང་། ཚན་པའི་ཏང་ཙུའུ(ཏང་ཨུད)40ལྷག་ཙམ་གྱི་ཧྲུའུ་ཅིས་མིག་དཔེ་བསྟན་ནས་རང་རང་སོ་སོས་ནང་དོན་བདམས་ནས་ཏང་གི་སློབ་ཚན་ཁྲིད་པ་དང་རང་ངོས་ལས་རིགས་ཀྱི་ཁྱད་ཆོས་དང་ལེགས་ཆ་དང་ཟུང་འབྲེལ་བྱས་ནས་གོ་བདེ་བའི་ཏང་གི་སློབ་ཚན་ཆུང་གྲས་དང་དྲ་ཐོག་སློབ་ཚན་ཐུང་གྲས་ཁག་གཅིག་གསར་བཟོ་བྱས་ཏེ་དྲ་རྒྱའི་སློབ་སྦྱོང་དང་གསོ་སྦྱོང་གི་ཁྲིད་སྟོན་ནུས་པ་དང་ཤུགས་རྐྱེན་ཐེབས་ཤུགས་ཟམ་མི་ཆད་པར་ཆེ་རུ་བཏང་བ་རེད།

(པར་ངོས་བཞི་པར་གཟིགས)

(པར་ངོས་དང་པོར་མཐུད)

ཟླ་3ཚེས་26ཉིན་གྱི་སྔ་དྲོ། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་ཀྲུང་དབྱང་སྒྲོག་འགྲེལ་ཚོགས་པའི་སྒྲོག་འགྲེལ་སྙན་ཞུའི་ཚོགས་འདུ་ལྷ་སར་འཚོགས་ཤིང་། ལྗོངས་ཡོངས་སུ་ཚོགས་ར་726བཀོད་སྒྲིག་བྱས་པ་དང་ཏང་ཡོན་ལས་བྱེད་པའི་འཐུས་མི་ཁྲི་2ལྷག་ཙམ་སྒྲོག་འགྲེལ་སྙན་ཞུའི་ཚོགས་འདུར་ཞུགས་པ་རེད། སྙན་ཞུ་ཉན་རྗེས་རྒྱལ་ཡོངས་ཀྱི་ངལ་རྩོལ་དཔེ་བཟང་བ་གཞིས་རྩེ་གྲོང་ཁྱེར་ས་དགའ་རྫོང་འཕྲང་སྒོ་ཤང་མཐའ་སྲུང་རུ་ཁག་གི་རུ་དཔོན་སྲི་ཆོས་ཀྱིས“ངས་སློབ་སྦྱོང་གི་སྤྲོ་སེམས་དེ་ལས་ཀའི་སྒུལ་ཤུགས་དང་བྱ་སྤྱོད་དངོས་ལ་འགྱུར་བ་བྱས་ནས་མེས་རྒྱལ་མཐའ་མཚམས་ཀྱི་རྩྭ་རྩི་ཤིང་ཚུན་ཆད་སྲུང་སྐྱོང་ཡག་པོ་བྱས་ཏེ་བླ་ན་མེད་པའི་རྒྱལ་ཁབ་ཀྱི་ས་ཆ་སྲུང་མཁན་དང་བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་སྐྲུན་མཁན་ཞིག་བྱེད་ཀྱི་ཡིན”ཞེས་བཤད་པ་རེད།

འདི་ལོ་ནི་བོད་ལ་དམངས་གཙོའི་བཅོས་སྒྱུར་དང་ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་ཐོབ་ནས་ལོ་62འཁོར་བའི་ལོ་ཞིག་རེད། བོད་རང་སྐྱོང་ལྗོངས་མི་རིགས་ལས་དོན་ཨུ་ལྷན་གྱིས་གཙོ་གཉེར་བྱས་པའི“སྡུག་དྲན་སྐྱིད་བསམ་བྱས་ནས་ཏང་གི་བཀའ་དྲིན་ཚོར་བ་དང་ཐོག་མའི་བསམ་འདུན་མ་བརྗེད་པར་ཏང་གི་རྗེས་སུ་འབྲང་བའི”མི་རིགས་མཐུན་སྒྲིལ་ཡར་ཐོན་འཛུགས་གཏོད་ཀྱི་བྱེད་སྒོ་གྲོང་གསེབ་ཏུ་སྤེལ་བ་དང་ཏང་ཡོན་རྒན་གྲས་དང་བཟོ་པ་རྒན་གྲས་གདན་དྲངས་ནས་རང་ཉིད་ཀྱི་མྱོང་བ་དངོས་གླེང་བ་དང་ཏང་ལ་དགའ་ཞེན་དང་། རྒྱལ་ཁབ་ལ་དགའ་ཞེན། ཕ་ཡུལ་ལ་དགའ་ཞེན་བཅས་ཀྱི་ཞིང་འབྲོག་མང་ཚོགས་ཀྱི་བསམ་པའི་ཉམས་འགྱུར་བཟང་པོ་གང་ལེགས་མངོན་པར་བྱས་ཡོད།

ཟླ་3ཚེས་28ཉིན། རྒྱ་ཁྱོན་སྨི་ངོས་གྲུ་2500ཟིན་པའི་བོད་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་ཐོབ་པའི་དྲན་གསོ་ཁང་གསར་པ་དེ་ལྷ་སར་དངོས་སུ་སྒོ་ཕྱེ་བ་རེད། སྒོ་ཕྱེ་རྗེས་ཀྱི་དུས་ཐུང་ཉིན་གསུམ་ནང་ལྟ་སྐོར་བ་མི་ཐེངས་ཁྲི་1.2ལྷག་ཙམ་ལ་སྣེ་ལེན་ཞུས་པ་རེད།

ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་སྤེལ་ཚུན་བོད་རང་སྐྱོང་ལྗོངས་ཀྱིས་ལྗོངས་ཡོངས་སུ“ངས་མང་ཚོགས་ཀྱི་ཆེད་དུ་དོན་དངོས་བསྒྲུབ་རྒྱུ་ཡིན”ཞེས་པའི་ལག་ལེན་བྱེད་སྒོ་སྤེལ་བ་དང་། ཏང་གི་ལོ་རྒྱུས་དང་རིགས་པའི་གཞུང་ལུགས་སློབ་སྦྱོང་བྱ་རྒྱུ་དེ་ལས་དོན་ལ་སྐུལ་འདེད་གཏོང་བ་དང་ཟུང་འབྲེལ་བྱས་ནས་མི་དམངས་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་ཟམ་མི་ཆད་པར་ཆེ་རུ་བཏང་བ་རེད།

སོན་བཟང་གྲབས་གསོག་ལ་ཚད་བཀག་ཡོད་པ་དང་། རང་ཉིད་ཀྱིས་ཉར་བའི་ས་བོན་གྱི་སྤུས་ཚད་ཡག་པོ་མེད་པ། ཐོན་འབོར་མཐོ་པོ་མེད་པ་བཅས་ཡིན་ཚེ་ཇི་ལྟར་བྱེད་དགོས་སམ། རྒྱལ་ཁབ་བསྡོམས་རྩིས་ཅུས་ལྷ་ས་བརྟག་དཔྱད་རུ་ཁག་གིས་སྙེ་མོ་རྫོང་ཕུ་གསུམ་གྲོང་ཚོའི་ཞིང་འབྲོག་མང་ཚོགས་ལ་འདི་ལོའི་དཔྱིད་འདེབས་ཐད་འཕྲད་པའི་དཀའ་ངལ་ཤེས་རྟོགས་བྱུང་འཕྲལ་ལྷ་ས་གྲོང་ཁྱེར་ཞིང་ལས་དང་གྲོང་གསེབ་སྡེ་ཚན་དང་འབྲེལ་མཐུད་བྱས་ནས། ཕུ་གསུམ་གྲོང་ཚོར་རིན་ཐང་སྒོར་ཁྲི་6ལྷག་ཙམ་རི་བའི་ནས་ཀྱི་སོན་བཟང་ཏུན་12རག་ཐབས་བྱས་པ་རེད།

ལྷ་ས་གྲོང་ཁྱེར་གྱིས“འགོ་ཁྲིད་ལས་བྱེད་པས་གཞི་རིམ་དུ་བསྐྱོད་དེ་བཅར་འདྲི་བྱེད་པ་དང་དོན་དངོས་སྒྲུབ་པའི”བྱེད་སྒོར་མང་ཚོགས་ཀྱི“འཕྲལ་མཁོ་དང་དཀའ་ངལ། སེམས་ཁྲལ། རེ་སྒུག”བཅས་ཀྱི་གནད་དོན་གསེད་བཀྲོལ་དང་འབྲེལ། ཆ་རྐྱེན་བསྐྲུན་ནས་ཐག་གཅོད་ཏན་ཏིག་བྱེད་ཀྱི་ཡོད། དཔྱིད་རྨོད་དཔྱིད་གྲབས་ལ་དགོས་མཁོ་ཧ་ཅང་ཆེ་བའི་ཞིང་ནང་ཆུ་བེད་ཀྱི་རྨང་གཞིའི་སྒྲིག་བཀོད་ཉམས་གསོ་དང་། ཞིང་སྨན་དང་རྫས་ལུད་ཉོ་སྒྲུབ་དང་གསོག་འཇོག འཕྲུལ་ཆས་དང་སྒྲིག་ཆས་ཉམས་བཟོ་སོགས་ཀྱི་དཀའ་ངལ་ལ་དམིགས་པ་དང་། མང་ཚོགས་ལ་སྡོད་ཁང་རྙིང་པ་དང་ཉེན་ཡོད་སྡོད་ཁང་སྒྱུར་བཀོད་དང་། འགྲིམ་འགྲུལ་ཕྱིར་སྐྱོད། བུ་ཕྲུག་སློབ་གྲྭར་གཏོང་བ། གད་སྙིགས་གཙང་སེལ། ལས་ཞུགས་འབབ་འཕར། སྨན་བཅོས་འགན་བཅོལ་སོགས་ཐད་ཀྱི་དཀའ་ངལ་དངོས་ཐག་གཅོད་ཧུར་ཐག་བྱས་པ། མང་ཚོགས་ལ་ཞབས་འདེགས་ཞུ་བའི“མཐའ་མའི་འགག་གནད”བསལ་ཡོད། ཟླ་3པ་ཁོ་ནར། ལྷ་ས་གྲོང་ཁྱེར་གྱི་འགོ་ཁྲིད་ལས་བྱེད་པ་མི་ཐེངས་1300ལྷག་ཙམ་གཞི་རིམ་དུ་བསྐྱོད་དེ་བཞུགས་མོལ་དང་། འདྲི་ཤོག་བརྟག་དཔྱད། དུད་ཚང་དུ་བསྐྱོད་ནས་བཅར་འདྲི་བཅས་བྱེད་པའི་ཐབས་ལམ་བརྒྱུད་ཁྱོན་གནད་དོན་1200ལྷག་ཙམ་འཚོལ་བསྡུ་བྱས་པ་དང་། གནད་དོན་500ལྷག་ཙམ་ཐག་གཅོད་བྱས་པ། དོན་དངོས་400ལྷག་ཙམ་བསྒྲུབས་པ་རེད།

ནག་ཆུ་གྲོང་ཁྱེར་འབྲི་རུ་རྫོང་གི་རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་མང་ཚོགས་ཀྱི་འཚོ་བའི་དགོས་མཁོ་ཤེས་རྟོགས་ཧུར་ཐག་བྱས་ནས་དངོས་ཡོད་དཀའ་ངལ་ཐག་གཅོད་ཏན་ཏིག་བྱས་པ་རེད། གཞིས་རྩེ་གྲོང་ཁྱེར་དམངས་སྲིད་ཅུས་ཀྱིས་བརྟག་ཞིབ་ཚོགས་ཆུང་3བཙུགས་ཏེ་སྤྱི་ཚོགས་ཕན་བདེའི་སྒྲིག་གཞི་དང་སྤྱི་ཚོགས་རྩ་འཛུགས་སོགས་སུ་བསྐྱོད་ནས། ས་གནས་ས་ཐོག་ཏུ་བརྟག་ཞིབ་ཀྱིས་ཏང་གི་གསུང་སྒྲ་དང་ཐུགས་ཁུར་མཚོན་པར་བྱས་པ་མ་ཟད། མང་ཚོགས་ཀྱི་དགོས་མཁོ་དང་གནད་དོན་ཤེས་རྟོགས་ཐུབ་པར་བྱས་པ་རེད། ཆབ་མདོ་གྲོང་ཁྱེར་གྱིས“དམིགས་པ་ལྔ་དང་མཐིལ་རྟོགས་ལྔའི”གྲོང་གསེབ་དར་རྒྱས་ཀྱི་བརྟག་ཞིབ་ཆེ་མོ་དང་དྲིལ་བསྒྲགས་ཆེ་མོའི་བྱེད་སྒོ་སྤེལ་ནས། དམངས་ཀྱི་གནས་ཚུལ་རྟོག་ཞིབ་དང་དམངས་ཀྱི་འདོད་བློ་ཤེས་རྟོགས་ཐུབ་པ་བྱ་རྒྱུ་དེ“ངས་མང་ཚོགས་ལ་དོན་དངོས་སྒྲུབ་པའི”གོམ་སྟབས་དང་པོར་བརྩིས་ནས་དུས་ཡུན་ཟླ་བ་གཅིག་རིང་གྲོང་ཁྱེར་ཡོངས་ནས་མི་སྟོང་ཟུར་འཐེན་གྱིས་ཁག་3ལ་བགོས་ཏེ་གྲོང་ཚོ་དང་དུད་ཚང་དུ་བསྐྱོད་ནས་དམངས་ཆེད་དང་དམངས་ཕན་གྱི་བྱེད་ཐབས་རབ་དང་རིམ་པ་བཏོན་པ་རེད།

(བདེ་སྐྱིད་ཀྱིས་བསྒྱུར། བདེ་སྐྱིད་དང་པད་ཆོས་ཀྱིས་ཞུས)