《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2021年04月30日

ཝུའུ་དབྱིང་ཅེ་དང་ཆེ་དགྲ་ལྷས་རྒྱལ་ཁབ་ལུས་རྩལ་སྤྱི་ཁྱབ་ཅུས་ཀྱི་ཏང་ཙུའི་ཧྲུའུ་ཅི་ཅུས་ཀྲང་ཀོའུ་ཀྲུང་ཝུན་དང་བཞུགས་མོལ་གནང་བ།

ཀྲོང་ཡན་དང་ཡན་ཅིན་ཧའེ་བཞུགས་མོལ་ལ་ཞུགས་པ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་4ཚེས་28ཉིན་གནས་ཚུལ་འབྱོར་གསལ། ཚེས་27ཉིན་གྱི་ཕྱི་དྲོ། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝུའུ་དབྱིང་ཅེ་དང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཆེ་དགྲ་ལྷས་ལྷ་སར་རྒྱལ་ཡོངས་ལུས་རྩལ་སྤྱི་ཁྱབ་ཅུས་ཀྱི་ཏང་ཙུའི་ཧྲུའུ་ཅི་ཅུས་ཀྲང་ཀོའུ་ཀྲུང་ཝུན་དང་བཞུགས་མོལ་གནང་བ་རེད།

ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཏང་ཙུའི་ཧྲུའུ་ཅི་ཀྲོང་ཡན་དང་། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་ཡན་ཅིན་ཧའེ། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་ལིའུ་ཅང་དང་ཁྲེན་ཡུང་ཆི། རྒྱལ་ཁབ་ལུས་རྩལ་སྤྱི་ཁྱབ་ཅུས་ཀྱི་ཅུས་ཀྲང་གཞོན་པ་ཀའོ་ཀྲེ་ཏན་དང་ལི་དབྱིང་ཁྲོན་བཞུགས་མོལ་ལ་ཞུགས་པ་རེད།

ཝུའུ་དབྱིང་ཅེས་དང་ཐོག་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཚབ་ཞུས་ནས་རྒྱལ་ཁབ་ལུས་རྩལ་སྤྱི་ཁྱབ་ཅུས་ཀྱིས་དུས་ཡུན་རིང་པོའི་ནང་བོད་ཀྱི་ལུས་རྩལ་བྱ་གཞག་ལ་རྒྱབ་སྐྱོར་དང་རོགས་རམ་གནང་བར་ཐུགས་རྗེ་ཆེ་ཞུས་པ་རེད།

ཝུའུ་དབྱིང་ཅེས་མིག་སྔར་རང་ལྗོངས་ཀྱི་ལུས་རྩལ་སྒྲིག་བཀོད་ཀྱི་ཆ་རྐྱེན་མངོན་གསལ་དོད་པོས་ལེགས་སུ་ཕྱིན་པ་དང་། དམངས་ཡོངས་ལུས་སྦྱོང་གི་སྲོལ་བཟང་རིམ་བཞིན་དར་བ། རྩལ་འགྲན་ལུས་རྩལ་ལ་ཚད་བརྒལ་གསར་པ་བྱུང་བ། ཁང་ཕྱིའི་ལུས་རྩལ་འཕེལ་རྒྱས་མྱུར་པོ་བྱུང་བ། རི་འཛེག་ཁོར་ཡུག་སྲུང་སྐྱོང་ལས་དོན་ལ་རྒྱུན་ཆད་མེད་པར་ཤུགས་སྣོན་བརྒྱབ་པ་བཅས་དང་ལུས་རྩལ་ལས་དོན་གྱིས་ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་དུ་གཏོང་བ་དང་།

(པར་ངོས་བཞི་པར་གཟིགས)

(པར་ངོས་དང་པོར་མཐུད) “མོས་སེམས་ལྔ”ཟབ་ཏུ་གཏོང་བ། ཆོས་ལུགས་ཀྱི་ཕན་མེད་ཤུགས་རྐྱེན་ཆུང་དུ་གཏོང་བ། མི་རིགས་ཁག་གི་མང་ཚོགས་ལ་བདེ་ཐང་ཤེས་དཔལ་གྱི་འཚོ་བ་སྐྱེལ་སྟངས་སོགས་དོན་གཉེར་བྱེད་པའི་ཁྲིད་སྟོན་བཅས་བྱེད་པར་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་བྱས་ཡོད། རྒྱལ་ཁབ་ལུས་རྩལ་སྤྱི་ཁྱབ་ཅུས་ཀྱིས་སྔར་རྒྱུན་བཞིན་རང་ལྗོངས་ཀྱི་ལུས་རྩལ་བྱ་གཞག་འཕེལ་རྒྱས་ལ་ཐུགས་ཁུར་དང་རྒྱབ་སྐྱོར་གནང་རྒྱུ་དང་། ཕུལ་བྱུང་ལུས་རྩལ་པ་གསོ་སྐྱོང་དང་། རྒྱལ་ཡོངས་རང་བཞིན་གྱི་ལུས་རྩལ་འགྲན་བསྡུར་གཉེར་བ། ས་མཐོའི་གནམ་གཤིས་ཀྱི་ཆ་རྐྱེན་འོག་ལུས་རྩལ་གྱི་ཚད་གཞི་བཟོ་བ། ཁང་ཕྱིའི་ལུས་རྩལ་འཕེལ་རྒྱས་གཏོང་བ། དམངས་ཡོངས་ལུས་སྦྱོང་གི་ལུས་རྩལ་སྒྲིག་བཀོད་འཛུགས་སྐྲུན་སོགས་ཐད་ལ་རྒྱབ་སྐྱོར་ཤུགས་ཆེན་གནང་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད།

ཀོའུ་ཀྲུང་ཝུན་གྱིས། བོད་སྐྱོར་ལས་དོན་ཡག་པོ་སྒྲུབ་པ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ང་ཚོར་དཀྲིས་པའི་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་རེད། རྒྱལ་ཁབ་ལུས་རྩལ་སྤྱི་ཁྱབ་ཅུས་དང་རྒྱལ་ཡོངས་ལུས་རྩལ་ཁོངས་གཏོགས་ཀྱིས་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ་དང་། བོད་ཀྱི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་མེས་རྒྱལ་གཅིག་གྱུར་སྲུང་སྐྱོང་དང་། མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་པ། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་འཛུགས་པ་བཅས་དང་། དེ་བཞིན་མི་དམངས་ཀྱི་བདེ་ཐང་ལ་སྐུལ་འདེད་གཏོང་བ་དང་། ཞི་མཐུན་སྲུང་སྐྱོང་། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པ་བཅས་ཐད་ལུས་རྩལ་གྱི་ཕྱོགས་བསྡུས་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ། རི་འཛེག་ལུས་རྩལ་མགྱོགས་མྱུར་འཕེལ་རྒྱས་གཏོང་བ་དང་། ལུས་རྩལ་ཤེས་ལྡན་པ་སྔོག་འདོན་བྱེད་པ། ས་བབ་མཐོ་བའི་སྦྱོང་བརྡར་རྟེན་གཞི་གཏོད་པ། དམངས་ཡོངས་ལུས་སྦྱོང་ལ་སྐུལ་འདེད་གཏོང་བ་སོགས་ཐད་ལས་དོན་ཡག་པོ་བསྒྲུབས་ནས་བོད་ཀྱི་རྒྱ་ཆེའི་མི་དམངས་མང་ཚོགས་ལ་ལུས་རྩལ་འཕེལ་རྒྱས་ཀྱི་གྲུབ་འབྲས་མཉམ་སྤྱོད་ཐུབ་པ་བྱ་རྒྱུ་ཡིན་ཞེས་གསུངས་པ་རེད།