《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2021年04月29日

དུས་ཚིགས་དང་པོར་གཞིས་རྩེའི་གྲོང་ཁྱེར་དང་གྲོང་རྡལ་དུ་ལས་ཞུགས་མི་གྲངས་6491འཕར་བ།

འདི་ག་ཚགས་པར་ཁང་དུ་གཞིས་རྩེ་ནས་ཟླ་4ཚེས་27ཉིན་གློག་འཕྲིན་འབྱོར་གསལ། གསར་འགོད་པས་གཞིས་རྩེ་གྲོང་ཁྱེར་གྱི་འབྲེལ་ཡོད་སྡེ་ཚན་ནས་ཤེས་རྟོགས་བྱས་པར། དུས་ཚིགས་དང་པོར་གཞིས་རྩེའི་གྲོང་ཁྱེར་དང་གྲོང་རྡལ་དུ་ལས་ཞུགས་མི་གྲངས་6491མང་དུ་ཕྱིན་ཡོད། འདི་ལོ་ཚུན་དུ་གཞིས་རྩེ་གྲོང་ཁྱེར་གྱིས་བྱེད་ཐབས་གསར་གཏོད་དང་བྱེད་སྟངས་ལེགས་སུ་བཏང་ནས་ཚུགས་གནས་མཐོ་བ་དང་། ཚད་གཞི་མཐོ་བ། སྤུས་ཚད་མཐོ་བ་བཅས་ཀྱི་སྒོ་ནས“ལས་ཞུགས་བརྟན་པོ”དང“ལས་ཞུགས་འགན་ལེན”གྱི་ལས་དོན་ལ་སྐུལ་འདེད་བཏང་བས་མིག་སྔར་གྲོང་ཁྱེར་ཡོངས་ཀྱི་ལས་ཞུགས་དུས་བབ་རྒྱུན་མཐུད་བརྟན་པོ་བྱུང་ཡོད།

ཤེས་རྟོགས་བྱུང་བར་གཞིགས་ན། དུས་ཚིགས་དང་པོར་གཞིས་རྩེ་གྲོང་ཁྱེར་གྱིས་རྩལ་ནུས་གསོ་སྦྱོང་འཛིན་གྲྭ་དུས་ཐེངས་85གཉེར་ནས། རིམ་རྩིས་བྱས་ན་མི་4951ལ་གསོ་སྦྱོང་བྱས་པ་དང་། དེའི་ནང་རྩལ་ནུས་གསོ་སྦྱོང་འཛིན་གྲྭ་དུས་ཐེངས་57སློབ་མཇུག་འགྲིལ་བ་དང་། མི་3529ལ་གསོ་སྦྱོང་བྱས་པར་མི་3178གསོ་སྦྱོང་ཚད་ལོན་བྱུང་ཡོད་པ་རེད། གསོ་སྦྱོང་བྱས་རྗེས་མི་2580ལས་ཞུགས་ཐུབ་ཡོད།

ལས་ཞུགས་ཐབས་ལམ་སྔར་བས་རྒྱ་ཆེར་གཏོང་ཆེད། འདི་ལོ་གཞིས་རྩེ་གྲོང་ཁྱེར་གྱིས་གྲོང་ཁྱེར་དང་ས་ཁུལ་བརྒལ་བ་དང་ཞིང་ཆེན་བརྒལ་བའི་ངལ་ནུས་ཕྱིར་གཏོང་སྒྲིག་འཛུགས་ཅན་གྱི་ཚད་གཞི་མཐོ་རུ་ཤུགས་ཆེན་བཏང་ནས་གསར་གཏོད་རང་བཞིན་ལྡན་པའི་སྒོ་ནས་མངའ་རིས་ས་ཁུལ་དང་། ནག་ཆུ་གྲོང་ཁྱེར། ལྷ་ས་གྲོང་ཁྱེར་བཅས་དང་དེ་བཞིན་ཀོང་ཏུང་ཞིང་ཆེན་ཧུའེ་ཀྲོའུ་གྲོང་ཁྱེར་དང་ཅང་སུའུ་ཞིང་ཆེན་དབྱང་ཀྲོའུ་གྲོང་ཁྱེར་དུ་ལས་ཞུགས་ཞབས་ཞུའི་འབྲེལ་གཏུག་ས་ཚིགས་བཙུགས་ཏེ་ལས་མིའི་གཞི་གྲངས་དང་ལས་རིགས་ཀྱི་ལེགས་ཆ་མཐིལ་རྟོགས་བྱས་ནས་ལས་གནས་སྦྲེལ་མཐུད་དང་། ཕྱིར་གཏོང་སྒྲིག་འཛུགས། ལས་ཞུགས་ཞབས་ཞུ་སོགས་ཀྱི་ལས་དོན་ཁག་ནུས་ཤུགས་ཡོད་རྒུས་ཡག་པོ་བསྒྲུབས་ཡོད། མིག་སྔར་གཞིས་རྩེ་གྲོང་ཁྱེར་གྱིས་ཧུའེ་ཀྲོའུ་གྲོང་ཁྱེར་སོགས་ཀྱི་ཁེ་ལས་13དང་ལས་གནས་སྦྲེལ་མཐུད་རགས་ཙམ་བྱུང་ནས་ཕྱིར་སྐྱོད་འདོད་འདུན་གྲུབ་ཡོད།