《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2021年04月29日

《ནས》ཀྱི་རྒྱལ་ཁབ་ཀྱི་ཚད་གཞི་བཏོན་པ།

འདི་ལོའི་ཟླ་10ཚེས་1ཉིན་ནས་དངོས་སུ་ལག་བསྟར་བྱ་རྒྱུ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་4ཚེས་27ཉིན་གློག་འཕྲིན་འབྱོར་གསལ། ཚེས་27ཉིན། གསར་འགོད་པར་བོད་རང་སྐྱོང་ལྗོངས་འབྲུ་རིགས་དང་དངོས་ཟོག་གྲབས་གསོག་ཅུས་ནས་ཤེས་རྟོགས་བྱུང་བར། བཟོ་བཅོས་གསར་ཤོས་བརྒྱབ་པའི《ནས》ཀྱི་རྒྱལ་ཁབ་ཀྱི་ཚད་གཞི་ཉེ་དུས་རྒྱལ་ཁབ་ཁྲོམ་ར་ལྟ་འདོམས་སྤྱི་ཁྱབ་ཅུས(རྒྱལ་ཁབ་ཚད་ལྡན་ཅན་དོ་དམ་ཨུ་ལྷན)ཀྱི་ཆོག་མཆན་ཐོབ་ནས་ཁྱབ་བསྒྲགས་བྱས་པ་དང་། འདི་ལོའི་ཟླ་10ཚེས་1ཉིན་ནས་བཟུང་དངོས་སུ་ལག་བསྟར་བྱ་རྒྱུ་རེད། རྒྱལ་ཁབ་ཀྱི་ཚད་གཞི་དེ་ནི་འབྲུ་རིགས་འཁོར་རྒྱུག་ཁྱབ་ཁོངས་ཁྲོད་བོད་རང་སྐྱོང་ལྗོངས་ཀྱིས་བཟོ་བཅོས་གཙོ་བོ་བརྒྱབ་པའི་རྒྱལ་ཁབ་ཀྱི་ཚད་གཞི་ཐོག་མ་དེ་རེད།

(པར་ངོས་བཞི་པར་གཟིགས)

(པར་ངོས་དང་པོར་མཐུད)

ངོ་སྤྲོད་བྱས་པར་གཞིགས་ན། ནས་ནི་གཙོ་བོ་རང་རྒྱལ་གྱི་བོད་ལྗོངས་དང་དེ་བཞིན་མཚོ་སྔོན་དང་། སི་ཁྲོན། ཀན་སུའུ། ཡུན་ནན་བཅས་ཞིང་ཆེན་བཞིའི་བོད་འབྲེལ་ཀྲོའུ་དང་རྫོང་དུ་ཁྱབ་ཡོད། 2020ལོར་བོད་རང་སྐྱོང་ལྗོངས་སུ་ནས་ཐོན་འབོར་ཏུན་ཁྲི་79.5ཟིན་ནས་ཐོན་ཁུལ་ཆེ་གྲས་དང་པོར་གྱུར་ཡོད། 《ནས》ཀྱི་རྒྱལ་ཁབ་ཀྱི་ཚད་གཞི་ལག་བསྟར་མ་བྱས་གོང་བོད་ཀྱི་ནས་བསྡུ་ཉར་དང་ཕྱིར་ཚོང་སོགས་སྤུས་ཚད་ཚོད་འཛིན་གྱི་གཞི་འཛིན་ས་ནི《སོ་བ》GB/T11760-2008ཀྱི་རྒྱལ་ཁབ་ཀྱི་ཚད་གཞི་ཡིན། ཉེ་བའི་ལོ་ཤས་རིང་སོན་གསོ་དང་ཐོན་སྐྱེད་ལག་རྩལ་གྱི་ཆུ་ཚད་མཐོ་རུ་ཕྱིན་པ་དང་བསྟུན། ནས་ཀྱི་སྤུས་ཚད་ཀྱང་ལེགས་སུ་ཤུགས་ཆེན་ཕྱིན་ནས《སོ་བ》ཡི་རྒྱལ་ཁབ་ཚད་གཞིའི་དམིགས་ཚད་དང་ལག་རྩལ་གྱི་ནང་དོན་ཁག་གཅིག་གིས་ནས་ཀྱི་ཐོན་ལས་འཕེལ་རྒྱས་ཀྱི་ད་ཡོད་ཀྱི་གནས་ཚུལ་དང་འཕེལ་ཕྱོགས་ཀྱི་དགོས་མཁོ་སྐོང་ཐུབ་ཀྱི་མེད།

གསར་དུ་བཏོན་པའི《ནས》ཀྱི་རྒྱལ་ཁབ་ཀྱི་ཚད་གཞིའི་དམིགས་ཚད་མ་ལག་ནང་ལྗིད་ཚད་དང་། ལྷད་འདྲེས་ཚད། འབྲུ་རྡོག་ཆ་ཚང་ཚད། ཆུ་འདུས་ཚད། ནས་ཤུན་འདུས་ཚད་སོགས་ཚུད་པ་ལས་ལྗིད་ཚད་ནི་གཏན་འཁེལ་གྱི་དམིགས་ཚད་ཡིན་པ་དང་དམིགས་ཚད་དེས་དེ་སྔའི《སོ་བ》ཡི་རྒྱལ་ཁབ་ཀྱི་ཚད་གཞིའི་ཆུ་ཚད་རྒྱུན་འཁྱོངས་བྱས་ཡོད། དེ་ནི་མིག་སྔའི་ནས་ཐོན་སྐྱེད་ཀྱི་སྤུས་ཚད་དང་འཚམ་པ་ཞིག་ཡིན་པ་དང་། 《སོ་བ》ཡི་རྒྱལ་ཁབ་ཀྱི་ཚད་གཞི་དང་བསྡུར་ན་དེ་གཉིས་ཀྱི་ལག་རྩལ་ཐད་ཀྱི་ཧེ་བག་གཙོ་བོ་ནི། གཅིག་ནི་ནས་རིགས་མང་དུ་ཕྱིན་པ་དང་། ཁ་དོག་ལ་གཞིགས་ཏེ་ནས་དཀར་དང་། ནས་ནག ནས་སྔོན། ནས་མཉམ་བསྲེས་བཅས་རིགས་ཆེན་པོ་བཞིར་ཕྱེ་ཞིང་། དེས་ནས་རྐྱང་བསྡུ་རྐྱང་གསོག་ལ་སྐུལ་མ་ཐེབས་ནས་སྤུས་ཚད་ལ་གཞིགས་ཏེ་རིན་གོང་གཏན་འཁེལ་དང་སྤུས་ལེགས་གོང་ཁེ་ཡོང་བར་ཕན་པ་ཡོད་པ་དང་། གཉིས་ནི་ཐོན་ཁུལ་གྱི་ནས་བརྔ་བསྡུ་བྱས་རྗེས་གཙང་མ་བཟོ་བ་དང་ཆ་མི་ཚང་བའི་འབྲུ་རྡོག་མེད་པ་བཟོ་བ་སོགས་ཀྱི་ལག་རྩལ་དང་ཆ་རྐྱེན་ལ་ཕྱོགས་བསྡུས་བསམ་གཞིག་གིས་ལྷད་འདྲེས་ཚད་དང་འབྲུ་རྡོག་ཆ་ཚང་ཚད་ཀྱི་ཚད་བཀག་གི་བླང་བྱ་ལེགས་སྒྲིག་འོས་འཚམ་བྱས་པ། གསུམ་ནི་ནས་ཤུན་འདུས་ཚད་ཀྱི་དམིགས་ཚད་མཐོ་རུ་གཏོང་རྒྱུ་དེ་འདེབས་འཛུགས་གོམས་གཤིས་ཀྱིས་རྐྱེན་པས་ནས་ཤུན་འདུས་ཚད་ཅུང་མཐོ་བའི་མིག་སྔའི་ཐོན་ཁུལ་ཁག་གཅིག་གི་གནས་ཚུལ་དངོས་དང་མཐུན་ཡོད།

ནས་ཀྱི་སྤུས་ཚད་ལྟ་འདོམས་ཚད་ལྡན་གྱི་སྣེ་ཁྲིད་པ་དང་བཀོད་འདོམས་པ་ཞིག་ཡིན་པའི་ངོས་ནས། ཚད་གཞི་ལག་བསྟར་བྱ་རྒྱུ་ཁྱབ་བསྒྲགས་བྱས་པ་དེ“ལོ་ལྔ་ཚན་བཅུ་བཞི་པའི”རིང་གི་རྒྱལ་ཁབ་ཀྱི་ཐོན་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་བླང་བྱ་དང་མཐུན་ཏེ། ནས་ཀྱི་ཐོན་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལག་རྩལ་གྱི་འདེགས་སྐྱོར་དང་སྤུས་ཚད་ཀྱི་འགན་ལེན་གལ་ཆེན་ཞིག་ཏུ་འགྱུར་རྒྱུ་མ་ཟད། དེས་ནས་ཀྱི་སྤུས་ཚད་དང་གྲངས་འབོར་བདེ་འཇགས་ལ་འཕྲད་པའི་དུས་བབ་གསར་པ་དང་། གནས་ཚུལ་གསར་པ། གནད་དོན་གསར་པ་བཅས་ཐག་གཅོད་ལ་ཡང་ཕན་ཐོགས་ཡོད་པ་དང་། ནས་སོན་གྱི་སྣ་ཁའི་གྲུབ་ཆ་ལེགས་སྒྲིག་ལ་ཁྲིད་སྟོན་ཐུབ་སྟེ། ནས་ཀྱི་ཐོན་སྐྱེད་ཐོན་འབོར་དང་། སྤུས་ཚད། ཚོང་ཟོག་གི་ངོ་བོ་བཅས་དུས་གཅིག་ཏུ་མཐོ་རུ་འགྲོ་བར་ཕན་པ་ཡོད་པ། ཁེ་ལས་ཀྱིས་འབྲུ་རིགས་བསྡུ་དཀའ་བ་དང་ཞིང་པས་འབྲུ་རིགས་འཚོང་མི་ཕོད་པའི་གནས་ཚུལ་ལེགས་སུ་གཏོང་བར་ཕན་པ་ཡོད་པ། གཞི་ཁྱོན་ཅན་གྱི་གཉེར་སྐྱོང་ལག་བསྟར་དང་འཕྲུལ་ཆས་ཅན་གྱི་ཐོན་སྐྱེད་ཁྱབ་གདལ་བཏང་སྟེ། ནས་ཀྱི་ཐོན་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་སྔར་བས་ལྕག་སྐུལ་བྱེད་པར་ཕན་པ་ཡོད་པ། ནས་སྣ་ཁ་ལྟར་རྐྱང་བསྡུ་རྐྱང་གསོག་ལ་སྐུལ་འདེད་གཏོང་བ་དང་། སྤུས་ཚད་ལ་གཞིགས་ཏེ་རིན་གོང་གཏན་འཁེལ་དང་སྤུས་ལེགས་གོང་ཁེ་ཡོང་བ། ནས་ཐོན་སྐྱེད་འདེབས་འཛུགས་དང་ལས་སྣོན་ཐོན་སྐྱེད་ཀྱི་ཕན་འབྲས་ཕྱོགས་ཡོངས་ནས་ཆེ་རུ་གཏོང་བ། ཞིང་པའི་ཡོང་འབབ་སྔར་བས་མང་དུ་གཏོང་བ་བཅས་ལ་ཕན་པ་ཡོད།

(སྐལ་མཆོག་གིས་བསྒྱུར། བདེ་དབང་གིས་ཞུས)