《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2021年04月29日

ཝུའུ་དབྱིང་ཅེ་དང་ཆེ་དགྲ་ལྷས་སློབ་གསོ་པུའི་པུའུ་ཀྲང་གཞོན་པ་སུན་ཡའོ་དང་བཞུགས་མོལ་གནང་བ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་4ཚེས་27ཉིན་གནས་ཚུལ་འབྱོར་གསལ། ཚེས་25ཉིན་གྱི་ཕྱི་དྲོ། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝུའུ་དབྱིང་ཅེ་དང་། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཆེ་དགྲ་ལྷས་ལྷ་སར་སློབ་གསོ་པུའི་པུའུ་ཀྲང་གཞོན་པ་སུན་ཡའོ་བཅས་པ་དང་བཞུགས་མོལ་གནང་སྟེ། ཕྱོགས་གཉིས་ཀྱིས་སློབ་གསོ་བོད་སྐྱོར་ལས་དོན་ཁག་ལ་སྐུལ་འདེད་གཏིང་ཟབ་གཏོང་བའི་ཐད་སྤེལ་རེས་གནང་བ་རེད།

ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་དྲུང་ཆེ་ལིའུ་ཅང་དང་། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་རྩ་འཛུགས་པུའི་པུའུ་ཀྲང་ཁྲེན་ཡུང་ཆི་བཞུགས་མོལ་ལ་ཕེབས་ཡོད་པ་རེད།

ཝུའུ་དབྱིང་ཅེས་དང་ཐོག་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཚབ་ཞུས་ནས་དུས་ཡུན་རིང་པོར་སློབ་གསོ་པུས་བོད་ཀྱི་བྱ་གཞག་ཁག་དང་ལྷག་དོན་དུ་སློབ་གསོའི་བྱ་གཞག་འཕེལ་རྒྱས་ལ་ཐུགས་ཁུར་དང་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུས་ཤིང་། ཁོང་གིས་པུའུ་ཀྲང་གཞོན་པ་སུན་ཡའོ་དང་བཅས་པས་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་ཐོག་གནང་བའི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་དང་བོད་ཀྱི་སློབ་གསོའི་བྱ་གཞག་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་བརྟག་ཞིབ་གནང་བ་དེ་ཐོག་ནས་སློབ་གསོ་པུས་བོད་ཀྱི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་དང་བོད་སྐྱོར་ལས་དོན་ལ་རྒྱབ་སྐྱོར་ཤུགས་ཆེན་གནང་བ་གང་ལེགས་མཚོན་གྱི་ཡོད་ཅེས་གསུངས་པ་རེད།

ཝུའུ་དབྱིང་ཅེས་བོད་ཀྱི་སློབ་གསོའི་བྱ་གཞག་དེ་སྔོན་ཆད་དང་བསྡུར་ན་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་བྱུང་ཡོད། འོན་ཀྱང་རྒྱལ་ཡོངས་དང་བསྡུར་ན་ད་དུང་ཧེ་བག་ངེས་ཅན་ཡོད་པས་སློབ་གསོ་པུས་སྔར་བཞིན་རྒྱབ་སྐྱོར་ཤུགས་ཆེན་བྱེད་དགོས་ཀྱི་ཡོད། སློབ་གསོ་པུས་སྔར་རྒྱུན་བཞིན་བོད་ཀྱི་འཕེལ་རྒྱས་ཡར་ཐོན་ལ་ཐུགས་ཁུར་དང་རྒྱབ་སྐྱོར་བྱེད་པ་དང་བོད་ཀྱི་སློབ་གསོའི་བྱ་གཞག་ལ་རྒྱབ་སྐྱོར་བྱེད་ཤུགས་མུ་མཐུད་ཆེ་རུ་གཏོང་བ། ང་ཚོས་ཞིང་འབྲོག་པའི་ལས་རིགས་རྩལ་ནུས་གསོ་སྦྱོང་དང་། མཐོ་རིམ་ལས་རིགས་སློབ་གསོ། ཚོགས་སྒྲིག་རྣམ་པའི་སློབ་གསོའི་ཤེས་ལྡན་མི་སྣའི་བོད་སྐྱོར་སོགས་ཀྱི་ལས་དོན་ཡག་པོ་བསྒྲུབ་རྒྱུར་རོགས་རམ། ང་ཚོས་གྲུབ་ཆ་ལེགས་སྒྲིག་དང་། རང་བྱུང་ཚན་རིག་ཚན་ཁག་སློབ་གསོ་དང་ཚོད་ལྟའི་བཀོལ་སྤྱོད་བྱེད་པར་རོགས་རམ། རང་ལྗོངས་ཀྱི་མི་རིགས་ཁག་གི་གཞོན་ནུ་ལོ་ཆུང་རྣམས་ལ་ཆུང་དུས་ནས་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་ཟབ་མོ་འཇགས་རྒྱུར་ཁྲིད་སྟོན། མི་རིགས་ཁག་གི་སློབ་མའི“མོས་སེམས་ལྔ”ཟམ་མི་ཆད་པར་ཟབ་ཏུ་གཏོང་བ་བཅས་གནང་རྒྱུའི་རེ་བ་ཡོད། རང་སྐྱོང་ལྗོངས་ཀྱིས་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ་དང་། བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅིའི་རྣམ་བཤད་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ཕྱོགས་ཡོངས་ནས་ལག་བསྟར་བྱས་ཏེ།

(པར་ངོས་བཞི་པར་གཟིགས)

(པར་ངོས་དང་པོར་མཐུད) མི་གང་འདྲ་ཞིག་གསོ་སྐྱོང་བྱེད་པ་དང་། གསོ་སྐྱོང་ཇི་ལྟར་བྱེད་པ། སུའི་ཆེད་དུ་གསོ་སྐྱོང་བྱེད་པ་བཅས་ཀྱི་རྩ་བའི་གནད་དོན་ལ་དམ་པོར་དམིགས་ནས་ཏང་གི་སློབ་གསོའི་མཛད་ཕྱོགས་མཐའ་འཁྱོངས་བྱེད་པ་དང་། བོད་སྐྱོར་གྱི་གོ་སྐབས་དམ་འཛིན་ཡག་པོ་བྱེད་པ། བོད་ཀྱི་སློབ་གསོའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་བྱ་སྤྱོད་དངོས་ལ་བརྟེན་ནས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་དམིགས་བསལ་ཐུགས་ཁུར་དང་གཟིགས་སྐྱོང་ལ་དྲིན་ལན་འཇལ་བ་དང་། སློབ་གསོ་པུའུ་ཚུད་པའི་ཀྲུང་དབྱང་རྒྱལ་ཁབ་ལས་ཁུངས་ཀྱི་པུའུ་ཨུད་དང་། སྤུན་ཟླའི་ཞིང་ཆེན་དང་གྲོང་ཁྱེར། མཐོ་སློབ། རྒྱལ་ཡོངས་མི་དམངས་བཅས་ཀྱིས་སྒེར་སེམས་མེད་པར་རོགས་སྐྱོར་གནང་བར་དྲིན་ལན་འཇལ་རྒྱུ་ཡིན་ཞེས་གསུངས་པ་རེད།

སུན་ཡའོ་ཡིས་བོད་ཀྱི་སློབ་གསོའི་བྱ་གཞག་ལ་ཐོབ་པའི་མངོན་གསལ་དོད་པའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་གནང་ཞིང་། ཁོང་གིས་སློབ་གསོ་པུས་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་ནན་ཏན་དང་། བོད་ཀྱི་བརྟན་ལྷིང་དང་། འཕེལ་རྒྱས། སྐྱེ་ཁམས། མཐའ་སྟོབས་བཅས་གཙོ་གནད་ལས་དོན་དང“ལོ་ལྔ་ཚན་བཅུ་བཞི་པའི”འཆར་འགོད་ཀྱི་དགོས་མཁོ་དང་ཟུང་འབྲེལ། བོད་ལ་སྔར་བས་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ། བོད་ཀྱི་སློབ་གསོའི་བྱ་གཞག་གི་རྨང་གཞི་བརྟན་དུ་གཏོང་བར་སྐུལ་འདེད་གཏོང་བ། གྲུབ་ཆ་ལེགས་སྒྲིག་དང་མགྱོགས་མྱུར་འཕེལ་རྒྱས་གཏོང་བ། མཐོ་རིམ་ཤེས་ལྡན་མི་སྣ་དང་ལས་རིགས་ལག་རྩལ་མི་སྣ་གང་མགྱོགས་གསོ་སྐྱོང་། མཐའ་མཚམས་ས་ཁུལ་གྱི་སློབ་གསོ་འཕེལ་རྒྱས་ཤུགས་ཆེན་གཏོང་བ་བཅས་བྱས་ཏེ། ཀྲུང་གོའི་ཁྱད་ཆོས་དང་བོད་ཀྱི་དམིགས་བསལ་ཁྱད་ཆོས་ལྡན་པའི་དེང་རབས་སློབ་གསོའི་མ་ལག་འཐུས་སྒོ་ཚང་དུ་བཏང་ནས་བོད་ཀྱི་འཕེལ་རྒྱས་དང་བརྟན་ལྷིང་ལ་ལེགས་སྐྱེས་དེ་བས་ཆེ་བ་འབུལ་རྒྱུ་ཡིན་ཞེས་གསུངས་པ་རེད།

(རིག་རྡོར་གྱིས་བསྒྱུར། ཚེ་ཁོ་དང་རིག་རྡོར་གྱིས་ཞུས)