《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2021年04月27日

སྤྲོ་སེམས་ཀྱིས་ཕྱུག་པའི་ལོ་ཟླ།

—— མངའ་རིས་དམག་ཁུལ་ཡན་ལག་ཁང་གི་དེ་སྔའི་ཆབ་སྲིད་ཨུ་ཡོན་ཏིང་ཏེ་ཧྥུའུ་ཡི་སྐོར་བཀོད་པ།

1994ལོའི་ཟླ་7ཚེས་9ཉིན་མངའ་རིས་དམག་ཁུལ་ཡན་ལག་ཁང་གི་ཆབ་སྲིད་ཨུ་ཡོན་ཏིང་ཏེ་ཧྥུའུ་ཡི་སྐུ་གཟུགས་ཡག་པོ་མེད་པའི་རྐྱེན་གྱིས་ཁོང་ལས་ཀ་དང་དམག་འཐབ་བྱ་ཡུལ་དམག་སྒར་དང་དེ་བཞིན་ཁོང་དང་དཔུང་པ་མཉམ་གཤིབ་ངང་དམག་འཐབ་དང་མཉམ་དུ་འཚོ་བ་སྐྱེལ་མཁན་གྱི་འཐབ་གྲོགས་ཚོ་དང་འབྲལ་དགོས་བྱུང་བ་མ་ཟད། འབྲལ་མི་ཕོད་པའི་བརྩེ་སེམས་འཆང་བཞིན་ཕ་ཡུལ་དུ་ལོག་པའི་ལམ་དུ་བཞུད། ཕེབས་སྐྱེལ་ཞུ་བའི་ཉིན་མོར་མངའ་རིས་ཡན་ལག་དམག་ཁུལ་ཁང་གི་སྒོ་ར་ནས་སེང་གེ་ཁ་འབབ་ཀྱི་གཞུང་ལམ་གཡས་གཡོན་གཉིས་སུ་ཕེབས་སྐྱེལ་ཞུ་མཁན་གྱི་དཔུང་སྡེའི་དཔོན་དམག་དང་མི་རིགས་ཁག་གི་མང་ཚོགས་ཀྱིས་ཁེངས་ནས་ཡོད། ཚང་མས་འཚང་ཁ་ཤིག་ཤིག་ངང་ཁོང་ལ་འཐམ་འཁྱུད་བྱས་ཏེ་དཀར་གཙང་ཁ་བཏགས་བསྒྲོན་པ་དང་བཀྲ་ཤིས་སྨོན་ཚིག་སྒྲོན་པ་མ་ཟད། ཞིམ་མངར་མཆོད་ཆང་བཀྱགས་ནས་སྤྱི་ལེ་གཅིག་ཀྱང་མ་ཟིན་པའི་ལམ་དུ་ཆུ་ཚོད་གཅིག་དང་ཕྱེད་ཀ་ཏག་ཏག་འགོར། དེའི་སྐབས་སུ་ཁོང་གི་བློ་ངོར་ལོ་ངོ་25ཡི་དམག་སྒར་གྱི་འཚོ་བ་གློག་བརྙན་བསྟན་པ་ཇི་བཞིན་འཆར།

དུས་རབས་ཉི་ཤུ་པའི་ལོ་རབས་བརྒྱད་ཅུ་པའི་དུས་འགོར། ས་གཤིས་ཀྱི་ཆགས་སྟངས་དང་། གནམ་གཤིས། དཔལ་འབྱོར་ཆ་རྐྱེན་བཅས་ཀྱི་ཚོད་འཛིན་ཕོག་པར་བརྟེན། མངའ་རིས་ས་ཁུལ་གྱི་དཔོན་དམག་སྡོད་སའི་དམག་སྒར་གྱི་འཚོ་བའི་ཆ་རྐྱེན་ཧ་ཅང་སྐྱོ་པོ་ཡོད། སྐབས་དེ་དུས་ཀྲུང་དབྱང་དམག་ཨུད་དང་སྤྱི་ཁྱབ་ཆབ་སྲིད་པུས་གྲོན་དངུལ་འབོར་ཆེན་བཏང་ནས་མཐའ་མཚམས་ས་ཁུལ་གྱི་མཐའ་སྲུང་དམག་གྲབས་དང་འཚོ་བ་སོགས་ཀྱི་ལེ་ལག་སྒྲིག་ཆས་འཛུགས་སྐྲུན་དང་འཐུས་སྒོ་ཚང་དུ་བཏང་། སྐབས་དེ་དུས་བློ་མཐུན་ཏིང་ཏེ་ཧྥུའུ་ནི་རྩ་མདའ་རྫོང་དྲག་ཆས་པུའི་ཆབ་སྲིད་ཨུ་ཡོན་ཡིན་ཞིང་། གོང་རིམ་གྱི་བཀའ་ལེགས་གྲུབ་ཡག་པོ་བྱེད་པ་དང་འཐབ་འཛིང་པ་ཚོའི་ཉལ་ཁང་གི་ཆ་རྐྱེན་ལེགས་སུ་གཏོང་ཆེད། ཁོང་གི་སེམས་ནུས་ཚང་མ་དམག་སྒར་འཛུགས་སྐྲུན་ཐོག་བཞག སྐབས་དེ་དུས་དེང་རབས་ཅན་གྱི་ལས་གྲྭའི་འཕྲུལ་ཆས་མེད་པས། ཚང་མ་མི་ལ་བརྟེན་ནས་བསྐྲུན་དགོས་པར་བརྟེན། དཀའ་ངལ་ཇི་ཙམ་ཡོད་མེད་རྟོགས་པར་དཀའ། ཏིང་ཏེ་ཧྥུའུ་ཡིས་འཐབ་འཛིང་པ་ཚོའི་སྣེ་ཁྲིད་དེ་རྩིག་རྨང་འདྲུ་བ་དང་། སྒལ་པར་བྱེ་རྡོ་དབོར་བ་བཅས་བྱས། དམར་སྒར་བསྐྲུན་འགོ་ཚུགས་རྗེས། (པར་ངོས་གསུམ་པར་གཟིགས)

(པར་ངོས་དང་པོར་མཐུད) ཁོང་གིས་ཉིན་ལྟར་ཆུ་ཚོད་བཅུ་གྲངས་ཁ་ཤས་ལས་ཡུལ་དུ་བསྡད་དེ་ངལ་རྩོལ་བྱེད་པ་དང་མཚན་མོ་ལས་གྲྭའི་སྤུས་ཚད་ལ་ཞིབ་བཤེར་ནན་པོ་བྱེད་ཀྱི་ཡོད། ཐེངས་ཤིག་ཁོང་ལས་ཡུལ་ནས་སྡོད་གནས་སུ་ལོག་སྐབས། འཐབ་འཛིང་བ་ཆུང་ཆུང་ཞིག་གིས་ཁོང་གི་ལྷམ་རྡོལ་བ་དང་། ལག་པར་ཡང་ཤ་རོ་སྐྱེས་པ། ངོ་གདོང་ནག་ལ་སྐམ་པ་བཅས་ལོ་ན་འདྲ་བའི་བློ་མཐུན་གཞན་དང་བསྡུར་ན་ལོ་བཅུ་ཙམ་གྱིས་རྒད་པ་མཐོང་སྐབས། སེམས་ཀྱིས་མི་བཟོད་པར“ཆབ་སྲིད་ཨུ་ཡོན་ལགས། ཁྱེད་རང་དཀའ་ལས་འདི་འདྲ་རྒྱག་དགོས་དོན་གང་ཡིན་ནམ། ཉིན་ལྟར་ལས་ཡུལ་དུ་ང་ཚོ་དང་མཉམ་དུ་ལྟོ་ཟ་བ་དང་མཉམ་དུ་ངལ་རྩོལ་གནང་གི་ཡོད། སྐུ་གཟགས་ལ་ཐུགས་འཇགས་གནང་རོགས”ཞེས་བཤད། ཏིང་ཏེ་ཧྥུའུ་ཡིས་དགོད་བཞིན་དུ“གལ་བྱེད་ཀྱི་མ་རེད། འཐབ་འཛིང་བ་ཚོས་ང་མཐོང་ན། ངར་ཤུགས་འཕེལ་གྱི་རེད”ཅེས་བཤད། དེ་ལྟར་དུས་ཡུན་ལོ་གཅིག་ལྷག་ཙམ་རིང་དམག་སྒར་བསྐྲུན་ཚར་བ་རེད། དམག་སྒར་སྤྱོད་འགོ་ཚུགས་པའི་ཉིན་དེར། ཏིང་ཏེ་ཧྥུའུ་ཡིས་སེམས་འགུལ་ཐེབས་བཞིན་དུ“ལོ་གཅིག་ལྷག་ཙམ་རིང་། བློ་མཐུན་ཚོ་འོ་བརྒྱལ་བྱུང་སོང་། ཡིན་ནའི་ང་ཚོས་བསྒྲུབས་པའི་ལས་དོན་ལ་ཕྱིར་དྲན་དང་དྲན་གསོ་བྱེད་འོས་པ་ཞིག་ཡོད་ལ། སྔར་སོང་གི་ལོ་ཟླར་དཔང་པོ་བྱེད་ཐུབ”ཅེས་བཤད།

མངའ་རིས་ཀྱི་ས་བབ་ཧ་ཅང་མཐོ་བ་དང་ལོ་མང་སྔོ་ཚལ་སོས་པ་དང་ཤིང་འབྲས་དཀོན་པར་བརྟེན་དཔོན་དམག་ཚོར་འཚོ་བཅུད་མ་འདང་བའི་རྐྱེན་གྱིས་ས་མཐོའི་ནད་ཕོག་གི་ཡོད། དཀའ་གནད་དེ་ཐག་གཅོད་བྱ་ཆེད། ཏིང་ཏེ་ཧྥུའུ་ཡིས་མངའ་རིས་སུ་སྔོ་ཚལ་འདེབས་པའི་སེམས་ཐག་བཅད། ཉིན་ཞིག་ཏིང་ཏེ་ཧྥུའུ་ཡིས་དྲག་ཆས་པུའི་སྒོ་རའི་རྒྱབ་ཀྱི་འགྱིག་ཤོག་གི་འོག་ནས་རྩྭ་སྔོན་པོ་ཁ་ཤས་སྐྱེས་ཡོད་པ་མཐོང་སྐབས། ཁོང་དགའ་ཐག་ཆོད་ནས་སེམས་སུ“རྩྭ་སྐྱེས་ན། སྔོ་ཚལ་སྐྱེ་ཐུབ”སྙམ། དེ་རྗེས་ཁོང་གིས་དྲག་ཆས་པུའི་སྒོ་རའི་རྒྱབ་ཏུ་ཚལ་ཞིང་བཟོས་ནས་པོ་ཚལ་གྱི་སོན་གཏོར་ནས་ཆུ་རྒྱག་པ་དང་འགྱིག་ཤོག་བཀབ་པ་སོགས་བྱས། དུས་ཚོད་གང་མཚམས་སོང་རྗེས། དུས་ཚོད་ཡོད་རིམ་བཞིན་ཁོང་གིས་སྒོ་རའི་རྒྱབ་ཏུ་བསྐྱོད་དེ་ཚལ་ཞིང་ལ་ཅེ་རེར་ལྟ་བཞིན་བསྡད། འཐབ་འཛིང་བ་ཆུང་ཆུང་ཚོས་རྒྱང་རིང་ནས་ཏིང་ཏེ་ཧྥུའུ་མཐོང་བས“མགྱོགས་པོ་བལྟོས་དང་། ཆབ་སྲིད་ཨུ་ཡོན་གྱི་གཟིགས་སྟངས་ལ་བལྟས་ན། མནའ་མར་ལྟ་བ་དང་འདྲ་པོ་འདུག”ཅེས་ཕན་ཚུན་ཤོད་རེས་བྱས། ཉིན་བཅུ་སོང་རྗེས། པོ་ཚལ་སྔོ་ཐིང་ངེར་སྐྱེས་པ་མཐོང་སྐབས། ཏིང་ཏེ་ཧྥུའུ་དགའ་ཐག་ཆོད་ནས་གནངས་འཆར་བཞིན་ཆུ་རྒྱག་པ་དང་། རྫས་ལུད་རྒྱག་པ། ས་སོབ་སོབ་བཟོ་བ་བཅས་གཡོག་བྱེད་གང་ཡག་བྱས་པས། པོ་ཚལ་དེ་བས་མགྱོགས་པོ་སྐྱེས། ཁོང་གིས་རྫོང་གི་འགོ་ཁྲིད་དང་བོད་རིགས་མང་ཚོགས་གདན་དྲངས་ཏེ། རང་ཉིད་ཀྱིས་བཏབ་པའི་པོ་ཚལ་ལ་ལྟ་སྐོར་བྱེད་དུ་བཅུག་པ་མ་ཟད། པོ་ཚལ་བཀོག་སྟེ་མི་རེར་ཆགས་པ་རེ་སྤྲད། དེར་ཡོད་མི་རྣམས་ཀྱིས་སྔོ་ཐིང་ཐིང་གི་པོ་ཚལ་ལག་ཏུ་བླངས་ནས། རྩ་མདར་ཡང་སྔོ་ཚལ་སྐྱེ་བར་ཡིད་མི་ཆེས་པ་མ་ཟད། པང་གར་ཉར་བཞིན་ཏིང་ཏེ་ཧྥུའུ་ལ་ཡིད་རང་གི་མིག་མདའ་འཕངས། ཕྱིས་སུ་ཏིང་ཏེ་ཕུའུ་ཡིས་པད་ཚལ་དང་། ལ་ཕུག སུར་པན། ཆའེ་ཙེ། ཀྲོ་མ་ཀྲུ། ཆིང་ཚལ་བཅས་བཏབ། ཁོང་གིས་མངའ་རིས་ཀྱི་དཔོན་དམག་སྐུལ་སློང་བྱས་ཏེ་འགྱིག་ཤོག་དྲོད་ཁང་དུ་སྔོ་ཚལ་བཏབ་ཅིང་། ས་བབ་མཐོ་ཚད་སྨི་4300ཡི་དམག་ཁུལ་ཡན་ལག་ཁང་གནས་སའི་སེང་གེ་ཁ་འབབ་གྲོང་རྡལ་ནས་ས་བབ་མཐོ་ཚད་སྨི་4700ཡོད་པའི་མདའ་པ་དང་སྤུ་གླིང་སོགས་མཐའ་སྲུང་ལེན་ཏུའེ་བར་འགྱིག་ཤོག་དྲོད་ཁང་བསྐྲུན་པ་རེད། འགྱིག་ཤོག་དྲོད་ཁང་དུ་སྔོ་ཚལ་སྣ་ཚོགས་བཏབ་རྗེས། མངའ་རིས་ཀྱི་དཔོན་དམག་དང་མང་ཚོགས་ལ་རྒྱུན་དུ་སྔོ་ཚལ་སོས་པ་ཟ་རྒྱུ་ཡོད།

ལོ་ཞིག་གི་དཔྱིད་ཀར་ཏིང་ཏེ་ཧྥུའུ་ཡིས་རུ་སྣེ་ཁྲིད་ནས་མངའ་རིས་སུ་དམག་མི་གསར་པ་200སྐྱེལ་བར་འགྲོ་སྐབས། གློ་བུར་དུ་སྨི་རྒྱ་དཔངས་གྲུ་བཞི་བརྒྱ་ཡན་ཡོད་པའི་རི་རྩེ་ནས་གངས་ཉིལ་ཏེ་འགྲོ་ལམ་འགགས། དེ་རྗེས་ཁོང་གིས་འཕྲལ་མར་ཚང་མ་སྒྲིག་འཛུགས་བྱས་ནས་གངས་གསོག་གཙང་སེལ་བྱས་ཏེ་འགྲོ་ལམ་བཤངས། རླངས་འཁོར་དུ་འཛུལ་མ་ཐག་ཏུ་སླར་ཡང་འཁྱགས་པ་ཆེན་པོ་ཞིག་རི་ནས་ཉིལ་ཏེ་ཏིང་ཏེ་ཧྥུའུ་སྡོད་སའི་རླངས་འཁོར་གྱི་རྒྱབ་ཏུ་ལྷུངས་པ་དང་ས་ངོས་སུ་དེ་མ་ཐག་ཏུ་འོབ་དོང་ཆེན་པོ་ཞིག་ཆགས། དཔྱིད་དུས་ནི་གངས་འཁྱགས་བཞུར་བ་དང་ཆུ་རྒྱས་པའི་དུས་ཚིགས་ཡིན་པས་གངས་ཆུས་ལམ་བསྣུབས་ནས་ལྗིད་འདེགས་རླངས་འཁོར་12ཙམ་མདུན་དུ་སྐྱོད་ཐབས་བྲལ། ཏིང་ཏེ་ཧྥུའུ་ཡིས་ཐེ་ཚོམ་སྤུ་ཙམ་ཡང་མེད་པར་འཁྱགས་ཆུར་མཆོངས་ཏེ་རླངས་འཁོར་ལ་ལམ་སྟོན་བྱས། སྐབས་དེ་དུས་ཏིང་ཏེ་ཧྥུའུ་འཁྱགས་ནས་ཁ་འདར་ཤོར་བ་དང་ངོ་གདོང་སྨུག་པོ་ཆགས་པ་མཐོང་སྐབས་དམག་མི་གསར་པ་རྣམས་སེམས་ཀྱིས་མ་བཟོད་པར་རླངས་འཁོར་ནས་བབས་ཏེ་ཁོང་ལ་རོགས་པ་བྱེད་རྩིས་བྱེད་སྐབས། ཏིང་ཏེ་ཧྥུའུ་ཡིས་ཚིག་ཐག་ཆོད་པོས“སུ་ཡང་ཡོང་མི་དགོས། ང་ནི་དམག་མི་རྙིང་པ་ཞིག་ཡིན། འདི་གའི་ས་གཤིས་ལ་རྒྱུས་མངའ་ཡོད་པས་ཚང་མ་བདེ་འཇགས་ངང་སྒྲོལ་ཐུབ་པ་བྱེད་ཀྱི་ཡིན”ཞེས་བཤད། ཏིང་ཏེ་ཧྥུའུ་ཡིས་ཞེང་ཚད་ལ་སྨི་100ལྷག་ཙམ་ཡོད་པའི་འཁྱགས་ཆུར་ཆུ་ཚོད་8ཙམ་བསྡད་མཐར་རླངས་འཁོར་དང་འཐབ་འཛིང་བ་གསར་པ་200ཙམ་བདེ་འཇགས་ངང་ཆུའི་ངོགས་སུ་བསྐྱལ་བ་དང་རང་ཉིད་ལ་དེ་ནས་བཟུང་ནད་གཞི་ཕོག དེ་དང་འདྲ་བའི་གནས་ཚུལ་ཏིང་ཏེ་ཧྥུའུ་ཡིས་བརྒྱུད་མྱོང་བ་གྲངས་ལས་འདས། རང་བྱུང་གི་ཆ་རྐྱེན་ཞན་པ་དང་དཀའ་ཚེགས་ཆེ་བའི་ལས་ཀའི་ཁོར་ཡུག་རྐྱེན་གྱིས་ཏིང་ཏེ་ཧྥུའུ་ཡིས་འཆི་གསོན་དང་འཐབ་པའི་ལས་ཀ་གྲངས་མེད་བྱེད་མྱོང་ཡོད། དཀའ་ཚེགས་ཆེ་བའི་ལས་འགན་སྒྲུབ་པར་མ་བསྐྱོད་གོང་ཁོང་གིས་ཡི་གེ་བྲིས་པའི་ཤོག་རྩར་ཤུག་ལྕོག་ནང་དུ་བཞག་སྟེ་འགོ་ཁྲིད་ལས་བྱེད་པ་ཞིག་གི་ངོས་ནས་ལས་ཀ་རྩིས་སྤྲོད་དང་བཟའ་ཟླ་དང་ཕ་ཞིག་གི་ངོས་ནས་བཟའ་ཟླ་དང་བུ་ཕྲུག་ལ་མངགས་བཅོལ་བྱེད་ཀྱི་ཡོད།

ལོ་25ཡི་རིང་ཏིང་ཏེ་ཧྥུའུ་ཡིས་མངའ་རིས་ཀྱི་ཡུལ་ལུང་ཚང་མ་དང་། གྲོང་སྡེ་ཚང་མ། འབྲོག་ར་ཚང་མ་བཅས་སུ་སྐྱོད་མྱོང་ཡོད་ལ། ངོ་མཚར་གྱི་གཏམ་རྒྱུད་མང་པོ་ཡང་བཞག་ཡོད་ཅིང་། ཁོང་གི་བྱས་རྗེས་ས་གནས་དེ་གའི་བོད་རིགས་མང་ཚོགས་ཀྱིས་རྟག་ཏུ་གླེང་གི་ཡོད། བློ་གཅིག་སེམས་གཅིག་གིས་མི་དམངས་ལ་ཞབས་འདེགས་ཞུ་བ་དང་། དཀའ་སྤྱད་སྙིང་རུས་བྱེད་པ། སྒེར་སེམས་མེད་པར་ལེགས་སྐྱེས་འབུལ་བ་བཅས་ཀྱི་ཁོང་གི་སྙིང་སྟོབས་ལ་མང་ཚོགས་ཚོའི་བརྩི་བཀུར་དང་འགོ་ཁྲིད་དང་འཐབ་གྲོགས་ཚོའི་ཡིད་ཆེས་དང་ཁས་ལེན་ཐོབ་ཡོད། བློ་མཐུན་ཏིང་ཏེ་ཧྥུའུ་ལ་བྱས་རྗེས་རིམ་པ་གསུམ་པ་ཐེངས་གཉིས་ཐོབ་པ་དང་། ལན་ཀྲོའུ་དམག་ཁུལ་ཁང་དང་ཤིན་ཅང་དམག་ཁུལ་ཁང་གིས་ཁོང“མཐའ་སྲུང་བ་རྒན་གྲས་དང་། ས་མཐོའི་དམག་མི་རྒན་གྲས། གཞི་རིམ་གྱི་ལས་བྱེད་པ་རྒན་གྲས”བཅས་ཀྱི་སྔོན་ཐོན་མི་སྒེར་དང་། “སྤྱོད་གཙང་གཞུང་དྲང་གི་འགོ་ཁྲིད་ལས་བྱེད་པ”“དམག་ཡོངས་ཀྱི་རྒྱལ་གཅེས་ལེགས་སྐྱེས་འབུལ་མཁན་གྱི་ཕུལ་བྱུང་ལས་བྱེད་པ”“རྒྱལ་ཡོངས་ཀྱི་ཕུལ་བྱུང་ཏང་དོན་ལས་དོན་པ”སོགས་ཀྱི་གཟི་བརྗིད་མཚན་སྙན་སྤྲད་ཡོད།

(པ་སངས་དང་བསྟན་འཛིན་བཟང་མོས་སྒྱུར་ཞུས་བྱས)