《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2021年04月27日

རང་ལྗོངས་ཀྱིས“ངས་མང་ཚོགས་ཀྱི་ཆེད་དུ་བྱ་བ་དངོས་སྒྲུབ”ཅེས་པའི་ལག་ལེན་བྱེད་སྒོ་ཏན་ཏིག་སྤེལ་བ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་གནས་ཚུལ་འབྱོར་གསལ། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་སྤེལ་བ་ནས་བཟུང་། རང་ལྗོངས་ཀྱི་རིམ་པ་ཁག་དང་སྡེ་ཚན་ཁག་གིས་ལོ་རྒྱུས་སྦྱངས་ནས་ལག་ལེན་ཧུར་ཐག་བསྟར་རྒྱུར་དམིགས་ནས། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་གྲུབ་འབྲས་དེ་དམངས་ཀྱི་ཆེད་དུ་ཞབས་འདེགས་ཞུ་བའི་སྒུལ་ཤུགས་དངོས་སུ་བསྒྱུར་བ་བྱས་ཏེ“ངས་མང་ཚོགས་ཀྱི་ཆེད་དུ་བྱ་བ་དངོས་སྒྲུབ”ཅེས་པའི་ལག་ལེན་བྱེད་སྒོ་ཏན་ཏིག་སྤེལ་བ་རེད།

ཉེ་ཆར་ལྗོངས་སྲིད་གྲོས་གཞུང་དོན་ཐིང་གི་འགོ་ཁྲིད་གཙོ་བོས་རུ་སྣེ་ཁྲིད་པ་དང་རིགས་གཅིག་མཁས་ཅན་དང་སྨན་དོན་མི་སྣ་འོས་འགན་སྨན་བཅོས་དང་སྨན་རྫས་སྤྲོད་པའི་བྱེད་སྒོ་དགའ་ལྡན་དགོན་དུ་སྤེལ་བ་རེད། ད་ཐེངས་ཀྱི་བྱེད་སྒོར་མི་80ལྷག་ཙམ་ལ་སྨན་བཅོས་བྱས་པ་རེད། གཞན་ཡང་གཞིས་རྩེ་གྲོང་ཁྱེར་གནམ་གླིང་རྫོང་ཁོ་མ་གྲོང་ཚོར་བཅའ་སྡོད་ལྗོངས་སྲིད་གྲོས་གཞུང་དོན་ཐིང་གི་ལས་དོན་རུ་ཁག་གིས་ཁེ་ལས་དང་འབྲེལ་བ་བྱས་ནས་མ་དངུལ་སྒོར་ཁྲི་4ལྷག་ཙམ་གྲབས་གསོག་བྱས་ནས། ས་གནས་དེ་གར་ཆུ་འཁོར་སྐྲུན་རོགས་དང་འབྲེལ་ཡོད་སྒྲིག་ཆས་སོགས་ཉོ་རོགས་བྱས་པ་མ་ཟད། ཁྱིམ་དུད་48ལ་འཚམས་འདྲི་ཡང་བྱས་པ་རེད། ནག་ཆུར་བཅའ་སྡོད་ལྗོངས་སྲིད་གྲོས་གཞུང་དོན་ཐིང་གི་གྲོང་སྡོད་ལས་དོན་རུ་ཁག་གིས་ས་གནས་དེ་གའི་ནད་གཞི་ཕོག་པའི་གྲོང་མིར་སྨན་རིན་སྒོར་ཁྲི་7.44གྲབས་གསོག་བྱས་ནས་ནད་པ་ནང་སར་སྨན་བཅོས་ལ་འགྲོ་རྒྱུར་རོགས་རམ་བྱས་པ་རེད།

(པར་ངོས་བཞི་པར་གཟིགས)

(པར་ངོས་དང་པོར་མཐུད)

ཉེ་ཆར་ལྗོངས་མི་སྤྱི་ཐིང་གིས《ངས་མང་ཚོགས་དོན་དུ་བྱ་བ་དངོས་སྒྲུབ་པ་དང་ཐབས་མཆོག་འདོན་པའི་ཡི་གེ》བཀྲམ་ནས་བསམ་འཆར་དང་གྲོས་འགོ་བསྡུ་ལེན་རྒྱ་ཁྱབ་བྱས་པ་མ་ཟད། དབྱེ་ཞིབ་དང་ཕྱོགས་བསྒྲིགས་ཀྱང་བྱས་པ་རེད། ཀྲུང་དབྱང་གི་སྐོར་གཟིགས་ཚོགས་ཆུང་བཅུ་པའི་མི་སྤྱི་ཁྱབ་ཁོངས་ཀྱི་དག་ཐེར་ཚུར་ལན་གནད་དོན་ལ་དམིགས་ནས་དག་ཐེར་གནད་དོན་དང“ངས་མང་ཚོགས་དོན་དུ་བྱ་བ་དངོས་བསྒྲུབ་རྒྱུ”ཟུང་འབྲེལ་བྱས་ནས། དམངས་འཚོའི་ཁྱབ་ཁོངས་ཀྱི་ལས་ཞུགས་དང་། སྤྱི་ཚོགས་འགན་སྲུང་། ངལ་རྩོལ་འབྲེལ་བ་སོགས་ཀྱི་གནད་དོན་20ལྷག་ཙམ་དག་ཐེར་ལེགས་སྒྲུབ་ཟིན་པ་དང་། ལས་ཞུགས་ལ་དཀའ་ངལ་ཡོད་མཁན་12ལ་ལས་ཞུགས་བྱེད་རོགས་བྱས་པ་རེད།

ལྗོངས་སྡོད་ཁང་འཛུགས་སྐྲུན་ཐིང་གིས་2021ལོའི་ལྗོངས་ཡོངས་ཀྱི་འཛུགས་སྐྲུན་ཁྱབ་ཁོངས་ཀྱི་ཁེ་ལས་སུ་མཐོ་སློབ་སློབ་ཐོན་སློབ་མ་600ལས་ཞུགས་ཐུབ་པའི་དམིགས་ཚད་ལ་དམིགས་ཏེ། ཟླ་4ཚེས་2ཉིན་ཁེ་ལས་བྱ་གཞག་ཚན་པ་30སྒྲིག་འཛུགས་བྱས་ནས་ལས་བསྡུའི་འདུ་ཚོགས་ལ་ཞུགས་པ་དང་། ལས་ཞུགས་ལས་གནས་301མཁོ་སྤྲོད་བྱས་ཡོད། ལྗོངས་སྡོད་ཁང་འཛུགས་སྐྲུན་ཐིང་གིས་ད་དུང་གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མིའི་སྡོད་མལ་ཁོར་ཡུག་ལེགས་སུ་གཏོང་བར་དམིགས་ནས། ཁུལ་ཆུང་རྙིང་པ་སྒྱུར་བཀོད་བྱེད་པར་མ་དངུལ་སྒོར་དུང་ཕྱུར་5.82བཏང་སྟེ་ཁུལ་ཆུང་36སྒྱུར་བཀོད་བྱེད་རྒྱུ་ཡིན་པ་རེད།

ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་སྤེལ་བ་ནས་བཟུང་། ལྗོངས་སློབ་གསོ་ཐིང་གིས་ཞིང་འབྲོག་ཁུལ་གྱི་དམའ་འབྲིང་སློབ་གྲྭའི་བདེ་འཇགས་འཐུང་ཆུ་གཙང་མའི་འདུ་འགོད་ལ་སྐུལ་འདེད་ཧུར་ཐག་བཏང་སྟེ། སློབ་གྲྭ་འབྲིང་ཆུང་344ལ་ཆུ་གཙང་བཟོའི་སྒྲིག་ཆས་སྒྲིག་སྦྱོར་བྱས་པ་མ་ཟད། བུ་བཅོལ་ཁང་909ཡི་བདེ་འཇགས་འཐུང་ཆུའི་རྣམ་གྲངས་ལ་མ་དངུལ་སྒོར་ཁྲི་7000བཏང་ནས་དགེ་སློབ་ཁྲི་18.8ཙམ་ལ་ཆུ་གཙང་མ་འཐུང་ཐུབ་པའི་འགན་ལེན་བྱས་པ་རེད།

(རིག་རྡོར་གྱིས་བསྒྱུར། ཚེ་ཁོ་དང་རིག་རྡོར་གྱིས་ཞུས)