《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2021年04月27日

རང་སྐྱོང་ལྗོངས་ཏང་ཨུད་འཐབ་ཕྱོགས་གཅིག་གྱུར་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཚོགས་འདུ་འཚོགས་པ།

ཝུའུ་དབྱིང་ཅེས་ཚོགས་འདུ་གཙོ་སྐྱོང་གནང་བ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་4ཚེས་25ཉིན་གནས་ཚུལ་འབྱོར་གསལ། ཚེས་25ཉིན་གྱི་སྔ་དྲོ། རང་སྐྱོང་ལྗོངས་ཏང་ཨུད་འཐབ་ཕྱོགས་གཅིག་གྱུར་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཚོགས་འདུ་ལྷ་སར་འཚོགས་ཤིང་། ཚོགས་འདུའི་ལས་འགན་གཙོ་བོ་ནི་འཐབ་ཕྱོགས་གཅིག་གྱུར་ལས་དོན་ལ་ཤུགས་སྣོན་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དགོངས་པ་གལ་ཆེན་ལག་བསྟར་དོན་འཁྱོལ་དང་། ཀྲུའུ་ཞི་དབང་དབྱང་གི་གསུང་བཤད་ཀྱི་དགོངས་དོན་དང《ཀྲུང་གོ་གུང་ཁྲན་ཏང་གི་འཐབ་ཕྱོགས་གཅིག་གྱུར་ལས་དོན་གྱི་སྲོལ་ཡིག》བརྒྱུད་བསྒྲགས་དང་སློབ་སྦྱོང་། འབྲེལ་ཡོད་སྙན་སེང་གསན་པ། གོམ་སྟབས་རྗེས་མའི་ལས་དོན་བཀོད་སྒྲིག་བཅས་གནང་རྒྱུ་དེ་རེད།

ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་རང་སྐྱོང་ལྗོངས་ཏང་ཨུད་འཐབ་ཕྱོགས་གཅིག་གྱུར་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་ཝུའུ་དབྱིང་ཅེས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་རང་སྐྱོང་ལྗོངས་ཏང་ཨུད་འཐབ་ཕྱོགས་གཅིག་གྱུར་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་གཞོན་པ་བསྟན་ཁོ་དང་། ཧོ་ཝུན་ཧའོ། ཁྲེན་ཡུང་ཆི། དབང་ཧའེ་ཀྲོའུ་བཅས་ཚོགས་འདུར་ཞུགས་པ་རེད།

ཝུའུ་དབྱིང་ཅེས་ཚང་མའི་གཏམ་བཤད་ནན་ཏན་ངང་གསན་རྗེས་ཉེ་བའི་ལོ་ཤས་རིང་གི་རང་སྐྱོང་ལྗོངས་ཀྱི་འཐབ་ཕྱོགས་གཅིག་གྱུར་ལས་དོན་ལ་ཐོབ་པའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་གནང་ཞིང་། ཁོང་གིས་གྲུབ་འབྲས་ཐོབ་པའི་རྩ་བ་ནི་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་འཐབ་ཕྱོགས་གཅིག་གྱུར་ལས་དོན་ལ་ཤུགས་སྣོན་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅིའི་དགོངས་པ་གལ་ཆེན། བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅིའི་རྣམ་བཤད་གལ་ཆེན་དང་དེ་བཞིན་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ཀྱི་ཚན་རིག་དང་མཐུན་པའི་མཛུབ་ཁྲིད་བཅས་ཡིན་པ་དང་། དེ་དག་ནི་ཀྲུང་དབྱང་གི་བོད་ཀྱི་ལས་དོན་མཐུན་སྦྱོར་ཚོགས་ཆུང་གི་མཛུབ་ཁྲིད་ཞིབ་ཚགས་དང་ཁ་འབྲལ་ཐབས་མེད་ལ། ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའུ་སོགས་པུའུ་ཨུད་ཁག་གི་ཤུགས་ཆེན་རྒྱབ་སྐྱོར་དང་ཡང་ཁ་འབྲལ་ཐབས་མེད་ཅེས་གསུངས་པ་རེད།

ཁོང་གིས་2021ལོའི་ལྗོངས་ཡོངས་ཀྱི་འཐབ་ཕྱོགས་གཅིག་གྱུར་ལས་དོན་ཏན་ཏིག་ངང་ཡག་པོ་སྒྲུབ་པར་འཐབ་ཕྱོགས་གཅིག་གྱུར་ལས་དོན་ལ་ཤུགས་སྣོན་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དགོངས་པ་གལ་ཆེན་སློབ་སྦྱོང་དང་དྲིལ་བསྒྲགས་བྱེད་རྒྱུ་གཙོ་རྐང་དུ་བྱེད་པ་དང་། 《སྲོལ་ཡིག》སློབ་སྦྱོང་དང་། དྲིལ་བསྒྲགས། ལག་བསྟར་བཅས་བྱ་རྒྱུ་གཙོ་གནད་དུ་འཛིན་པ། དུས་རབས་གསར་པའི་འཐབ་ཕྱོགས་གཅིག་གྱུར་གྱི་ཐབས་མཆོག་གལ་ཆེན་གྱི་ནུས་པ་སྔར་བས་འདོན་སྤེལ་བྱེད་རྒྱུ་དམིགས་ཚད་དུ་བཟུང་བ།

(པར་ངོས་བཞི་པར་གཟིགས)

(པར་ངོས་དང་པོར་མཐུད) རང་འགུལ་ཧུར་ཐག་དང་བྱས་རྗེས་འཇོག་པ་བཅས་བྱས་ཏེ་བསམ་བློའི་ཁྲིད་སྟོན་ལ་དམ་འཛིན་དང་། ཉེན་ཁ་འགོག་ཟོན་ལ་དམ་འཛིན། འཇོན་ཐང་ཆེར་གཏོང་ལ་དམ་འཛིན་བཅས་བྱས་ནས་དུས་རབས་གསར་པའི་འཐབ་ཕྱོགས་གཅིག་གྱུར་ལས་དོན་སྤུས་ཚད་མཐོ་བའི་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་བཏང་སྟེ་ཕུལ་བྱུང་གི་གྲུབ་འབྲས་ཐོག་ནས་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་100འཁོར་བ་དང་བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་70འཁོར་བར་རྟེན་འབྲེལ་ཞུ་དགོས།

གཅིག་ནས་སྲིད་ཇུས་ཁག་གི་ཡང་དག་པའི་ཁ་ཕྱོགས་སྟངས་འཛིན་ནན་པོ་བྱེད་དགོས། བསམ་བློའི་ཁྲིད་སྟོན་ལ་ཤུགས་སྣོན་རྒྱག་རྒྱུ་དང་ཆབ་སྲིད་ཀྱི་འཇོན་ཐང་ཆེ་རུ་གཏོང་རྒྱུ་མཐའ་འཁྱོངས་བྱས་ཏེ་ཕུགས་བསམ་དང་དད་སེམས་ཀྱི་སློབ་གསོ་ཤུགས་ཆེན་གཏོང་བ་དང་། ཏང་ཕྱིའི་མི་སྣས་ཏང་གི་གཞི་རྩའི་རིགས་པའི་གཞུང་ལུགས་དང་། གཞི་རྩའི་ལམ་ཕྱོགས། གཞི་རྩའི་མཛད་ཇུས་བཅས་སློབ་སྦྱོང་བྱ་རྒྱུར་ཁྲིད་སྟོན་བྱེད་པ། ཏང་གི་ལོ་རྒྱུས་དང་། ཀྲུང་གོ་གསར་པའི་ལོ་རྒྱུས། སྒྱུར་བཅོས་སྒོ་དབྱེའི་ལོ་རྒྱུས། སྤྱི་ཚོགས་རིང་ལུགས་ཀྱི་འཕེལ་རྒྱས་ལོ་རྒྱུས། བོད་ས་གནས་དང་མེས་རྒྱལ་གྱི་འབྲེལ་བའི་ལོ་རྒྱུས་བཅས་སློབ་སྦྱོང་བྱེད་པ། རྒྱལ་ཁབ་ལ་དགའ་ཞེན་དང་། ཏང་ལ་དགའ་ཞེན། སྤྱི་ཚོགས་རིང་ལུགས་ལ་དགའ་ཞེན་བཅས་ཚད་མཐོའི་གཅིག་གྱུར་མཐའ་འཁྱོངས་བྱེད་པ། བློ་བརྟན་འགྱུར་མེད་ངང་ཏང་གི་བཀའ་ལ་ཉན་པ་དང་ཏང་གི་རྗེས་སུ་འབྲང་བ་བཅས་བྱེད་དགོས།

གཉིས་ནས་ཆ་ལག་ཚང་པོས་ཉམས་མྱོང་ཕྱོགས་སྡོམ་དང་བསྡུ་ལེན་བྱེད་དགོས། བོད་ཀྱི་དོན་དངོས་ནས་འགོ་འཛུགས་རྒྱུ་མཐའ་འཁྱོངས་བྱས་ཏེ་དུས་རབས་གསར་པའི་འཐབ་ཕྱོགས་གཅིག་གྱུར་ལས་དོན་སྐོར་གྱི་ཏང་ཀྲུང་དབྱང་གི་བཀོད་སྒྲིག་བླང་བྱ་ཚད་གཞིར་བཟུང་ནས་ཡང་ཡང་བསྡུར་བ་དང་། ལས་དོན་ཁག་ལ་ཞིབ་ལྟ་ནན་ཏན་བྱེད་པ། ཉམས་མྱོང་བསྡུ་ལེན་དང་མི་འདང་ས་འཚོལ་ཞིབ་བྱེད་པ། ལམ་སྲོལ་ཆགས་པ་དང་། སྐྱོན་ཆ་གནད་འཕིགས་ངང་འཚོལ་བ། ཞན་ཆ་སེལ་བ་བཅས་བྱེད་དགོས།

གསུམ་ནས་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་འཛུགས་དགོས། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་སློབ་གསོ་གཏིང་ཟབ་སྤེལ་རྒྱུ་མཐའ་འཁྱོངས་བྱས་ཏེ་མི་རིགས་ཁག་གི་མང་ཚོགས་དང་། ལྷག་པར་དུ་གྲྭ་བཙུན་དང་དད་ལྡན་མང་ཚོགས་ཚོས་ཀྲུང་ཧྭའི་རིག་གནས་ནི་ཐོག་མཐའ་བར་གསུམ་དུ་བོད་ཀྱི་མི་རིགས་ཁག་གི་བརྩེ་བ་འཆང་ས་དང་སེམས་ཀྱི་བརྟེན་ས་ཡིན་པ་དང་བོད་བརྒྱུད་ནང་བསྟན་ནི་ཀྲུང་ཧྭའི་རིག་གནས་ཀྱི་ཆ་ཤས་ཤིག་ཡིན་པ་ཤེས་སུ་བཅུག་ནས་ཀྲུང་ཧྭ་མི་རིགས་ནི་ཁྱིམ་གཞིས་ཁ་བྲལ་མི་རུང་བ་དང་། མི་རིགས་ཁ་ཐོར་མི་རུང་བ། ཤེས་དཔལ་རྒྱུན་ཆད་མི་རུང་བ་བཅས་ཀྱི་གཅིག་མཐུན་འདུས་གྲུབ་ཡིན་པའི་འདུ་ཤེས་དེ་བས་མི་སེམས་སུ་གཏིང་ཟབ་ཟུག་པ་བྱེད་དགོས།

བཞི་ནས་ཉེན་ཁའི་མངོན་མེད་རྐྱེན་ངན་འགོག་ཟོན་དང་སེལ་རྒྱུར་ཤུགས་སྣོན་ཧུར་ཐག་རྒྱག་དགོས། རྐྱེན་མ་བྱུང་གོང་ནས་བཟློག་རྒྱུ་རྩ་དོན་དུ་བཟུང་ནས་ལས་ཀ་བྱེད་པ་དང་། གནས་ཚུལ་ཚབས་ཆེན་མི་ལྷགས་པའི་རྨང་གཞི་འདིང་བ་དང་གྲ་སྒྲིག་བྱེད་པ། རང་འགན་ཐེག་པ་ཁུར་ལེན་བྱེད་ཕོད་མིན་ཚད་གཞིར་བཟུང་ནས་ལས་བྱེད་པར་ལྟ་བ་བཅས་མཐའ་འཁྱོངས་བྱས་ཏེ་ཆོས་ལུགས་ཁྱབ་ཁོངས་ཀྱི་ཞི་མཐུན་བརྟན་ལྷིང་ལ་ཕྱོགས་ཡོངས་ནས་སྲུང་སྐྱོང་བྱེད་དགོས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི“ཚད་གཞི་བཞི”དང“ཕན་པ་ལྔའི”བླང་བྱ་མཐའ་འཁྱོངས་བྱས་ཏེ་ཏང་ཀྲུང་དབྱང་གི་བླང་བྱ་ལག་བསྟར་དང་བོད་ཀྱི་ཞིབ་ཕྲའི་དོན་དངོས་ལ་གཞི་ཚུགས་རྒྱུ་ཟུང་འབྲེལ་བྱས་ནས་ཡུལ་བབ་དང་བསྟུན་པ་དང་ཆོས་ལུགས་ཀྱི་བབ་དང་བསྟུན་ནས་བོད་བརྒྱུད་ནང་བསྟན་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་འཚམ་མཐུན་ཡོང་རྒྱུར་ཁྲིད་སྟོན་ཧུར་ཐག་བྱེད་དགོས།

ལྔ་ནས་དུས་རབས་གསར་པའི་དམངས་གཉེར་དཔལ་འབྱོར་གྱི་འཐབ་ཕྱོགས་གཅིག་གྱུར་ལས་དོན་ལ་ཤུགས་སྣོན་རྒྱག་དགོས། “ཚང་དགོས་པ་གསུམ་དང་ཕན་འདོགས་གཅིག”གི་བླང་བྱ་དང་མཐུན་སྒྲིལ་དང་། ཞབས་ཞུ། ཁྲིད་སྟོན། སློབ་གསོ་བཅས་ཀྱི་བྱེད་ཕྱོགས་མཐའ་འཁྱོངས་བྱས་ཏེ་དཀའ་ངལ་སེལ་བ་དང་ཁེ་ལས་ལ་ཕན་པའི་སྲིད་ཇུས་དོན་འཁྱོལ་ཡག་པོ་དང་། དམངས་གཉེར་ཁེ་ལས་ལ་སྒྲིག་ཁྲིམས་དང་སྒྲིག་ལམ་སྲུང་རྒྱུའི་ཁྲིད་སྟོན་བྱས་ཏེ་དམངས་གཉེར་དཔལ་འབྱོར་མི་སྣས་ཀྲུང་གོ་གུང་ཁྲན་ཏང་དང་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ལ་ཆབ་སྲིད་ཀྱི་མོས་སེམས་དང་། བསམ་བློའི་མོས་སེམས། བརྩེ་དུང་གི་མོས་སེམས་བཅས་བཅངས་ཤུགས་ཆེ་རུ་གཏོང་དགོས།

དྲུག་ནས་རྒྱལ་གཅེས་ཀྱི་འཐབ་ཕྱོགས་གཅིག་གྱུར་འཕེལ་རྒྱས་དང་སྟོབས་ཆེར་གཏོང་དགོས། རྒྱལ་གཅེས་རིང་ལུགས་ཀྱི་དར་ཆ་མཐོན་པོར་བསྒྲེང་རྒྱུ་མཐའ་འཁྱོངས་བྱས་ནས་ཏང་ཕྱིའི་ཤེས་ཡོན་ཅན་དང་སྤྱི་ཚོགས་ཀྱི་རིམ་གྲས་གསར་པའི་མི་སྣའི་འཐབ་ཕྱོགས་གཅིག་གྱུར་གྱི་ལས་དོན་ཡག་པོ་སྒྲུབ་པ་དང་། ཐོག་མཐའ་བར་གསུམ་དུ་རང་རེའི་ཏང་དང་གཅིག་སེམས་གཅིག་གཏད་དང་བློ་གཅིག་སེམས་གཅིག་བྱེད་མཁན་རྒྱལ་གཅེས་འཐབ་ཕྱོགས་གཅིག་གྱུར་གྱི་མི་སྣ་དང་དེའི་རྗེས་རབས་པ་དང་། བོད་ལ་ཞི་བས་བཅིངས་འགྲོལ་དང་དམངས་གཙོའི་བཅོས་སྒྱུར་སོགས་ལོ་རྒྱུས་ཀྱི་དོན་རྐྱེན་གལ་ཆེན་ཁྲོད་ང་ཚོར་སྒེར་སེམས་མེད་པའི་རོགས་སྐྱོར་དང་ནུས་ཤུགས་ཡོད་རྒུས་རོགས་རམ་བྱེད་མཁན་མང་ཚོགས་དང་དེ་བཞིན་རང་སྲོག་བློས་གཏོང་མཁན་མང་ཚོགས་ཀྱི་རྗེས་རབས་པར་མཐོང་ཆེན་བྱེད་པ་དང་། ཆེད་དོན་ཡིག་ཚགས་བཟོ་བ། སྟོན་ཕྱོགས་འཛུགས་པ། མི་སེམས་གཅིག་སྒྲིལ་བྱེད་པ་དང་ཆབས་ཅིག བོད་རིགས་སྤུན་ཟླའི་ཕྱིར་སྡོད་རང་མིའི་ལས་དོན་ཡག་པོ་སྒྲུབ་དགོས་པ་བཅས་ཀྱི་ནན་བཤད་གནང་བ་རེད།

ཝུའུ་དབྱིང་ཅེས། རིམ་ཁག་འབྲེལ་ཡོད་སྡེ་ཚན་ཁག་གིས་ཐོག་མཐའ་བར་གསུམ་དུ་ཏང་གི་འགོ་ཁྲིད་གཙང་བཙན་མཐའ་འཁྱོངས་བྱས་ཏེ“འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ “སྲུང་སྐྱོང་གཉིས”ཐུབ་པ་བཅས་དོན་འཁྱོལ་ཏན་ཏིག་ཡོང་བ་བྱས་ནས་བསམ་བློ་དང་འདུ་ཤེས་ལ་འགྱུར་ལྡོག་གཏོང་བ་དང་། བྱེད་སྟངས་དང་བྱེད་ཐབས་གསར་གཏོད་བྱེད་པ། རྩ་འཛུགས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་རྒྱག་པ། ལས་བྱེད་པའི་དཔུང་ཁག་སྟོབས་ཆེར་གཏོང་བ། ཆོས་ལུགས་ལས་རིགས་ཀྱི་རང་ངོས་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ། རྣམ་པ་ཟབ་མོ་གཏོད་པ་སོགས་ཐད་ནས་ལས་དོན་དོན་འཁྱོལ་ལ་དམ་འཛིན་ལྷོད་མེད་བྱས་ཏེ་དུས་རབས་གསར་པའི་འཐབ་ཕྱོགས་གཅིག་གྱུར་ལས་དོན་ལ་རྩ་འཛུགས་ཀྱི་འགན་ལེན་བརྟན་པོ་མཁོ་འདོན་བྱེད་དགོས་པའི་ནན་བཤད་གནང་བ་རེད།

(བསྟན་འཛིན་བློ་གྲོས་དང་པ་སངས་སྒྲོན་ལགས་ཀྱིས་སྒྱུར་ཞུས་བྱས)