《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2021年04月22日

ཀྲུང་གོ་གུང་ཁྲན་ཏང་གི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་རིམ་བྱུང་ངོ་སྤྲོད།

7 ཀྲུང་གོ་གུང་ཁྲན་ཏང་གི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་བདུན་པའི་ངོ་སྤྲོད་མདོར་བསྡུས།

རི་འགོག་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ལ་ཉེ་བའི་མཚམས་ཏེ། 1945ལོའི་ཟླ་4ཚེས་23ཉིན་ནས་ཟླ་6ཚེས་11ཉིན་བར། ཀྲུང་གོ་གུང་ཁྲན་ཏང་གི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་བདུན་པ་ཡན་ཨན་དུ་འཚོགས་པ་རེད། ཚོགས་ཆེན་བདུན་པར་ཞུགས་མཁན་འཐུས་མི་ཁྱོན་755ཡོད་པའི་གྲས་སུ། དངོས་གཞིའི་འཐུས་མི་547དང་འོས་མིའི་འཐུས་མི་208ཡོད། ཁོང་ཚོས་ཏང་ཡོན་ཁྲི་121གི་ཚབ་ཞུས་པ་དང་། ཀྲུང་དབྱང་ཐད་གཏོགས(དམག་དཔུང་ཐད་གཏོགས་ཁོངས་གཏོགས་ཚུད་པ)དང་། ནུབ་བྱང་། ཅིན་སུའེ། ཅིན་ཁྲ་ཅི། ཅིན་ཅི་ལུའུ་ཡུས། ཧྲན་ཏུང་། ཧྭ་ཀྲུང་། རྒྱབ་ཕྱོགས་ཆེན་པོ་བཅས་ཀྱི་འཐུས་མི་ཚོགས་པ་བརྒྱད་ལ་ཕྱེ་ཡོད། ཚོགས་ཆེན་བདུན་པའི་འཐུས་མིའི་ཁྲོད་ལོ་ན་ཆེ་ཤོས་ལོ་70ཙམ་ལ་སླེབས་པ་དང་ལོ་ན་ཆུང་ཤོས་ལོ་20ཙམ་རེད།

མའོ་ཙེ་ཏུང་གིས《ཀྲུང་གོའི་ལས་དབང་གཉིས》ཞེས་པའི་འགོ་ཚུགས་ཤིས་ཚིག་བསྒྲོན་གནང་བ་དང་། ཁོང་གིས་ཀྲུང་གོ་མི་དམངས་ཀྱི་མདུན་དུ་ལམ་བུ་གཉིས་ཡོད་དེ། འོད་ཟེར་གྱི་ལམ་དང་མུན་ནག་གི་ལམ་ཡིན། ཀྲུང་གོའི་ལས་དབང་གཉིས་ཡོད་དེ། འོད་ཟེར་ལྡན་པའི་ཀྲུང་གོའི་ལས་དབང་དང་མུན་ནག་གི་ཀྲུང་གོའི་ལས་དབང་ཡིན། ང་ཚོའི་ལས་འགན་ནི་གཞན་དག་གང་ཡང་མ་ཡིན་པར་མང་ཚོགས་སྐུལ་སློང་བྱས་ནས་མི་དམངས་ཀྱི་སྟོབས་ཤུགས་ཆེ་རུ་བཏང་སྟེ། རྒྱལ་ཡོངས་ནས་མཐུན་སྒྲིལ་བྱེད་ཐུབ་པའི་སྟོབས་ཤུགས་མཐའ་དག་ལ་མཐུན་སྒྲིལ་བྱས་ནས་རང་རེའི་ཏང་གི་འགོ་ཁྲིད་འོག རི་པིན་བཙན་འཛུལ་བ་ཕམ་ཉེས་སུ་བཏང་ནས་འོད་ཟེར་ལྡན་པའི་ཀྲུང་གོ་གསར་པ་ཞིག་བསྐྲུན་པ་དང་། རང་བཙན་དང་། རང་དབང་། དམངས་གཙོ། གཅིག་གྱུར། འབྱོར་ཕྱུག་བཅས་ལྡན་པའི་ཀྲུང་གོ་གསར་པ་སྐྲུན་ཆེད་འབད་འཐབ་བྱེད་རྒྱུ་དེ་ཡིན། ང་ཚོས་ནུས་ཤུགས་ཡོད་རྒུས་འོད་ཟེར་སྟོང་ལྡན་གྱི་མདུན་ལམ་དང་ལས་དབང་བརྩོན་ལེན་བྱེད་དགོས་ཞེས་གསུངས་ཡོད།

མའོ་ཙེ་ཏུང་གིས་ཚོགས་ཆེན་ཐོག《མཉམ་འབྲེལ་སྲིད་གཞུང་གླེང་བ》ཞེས་པའི་ཡིག་ཐོག་ཆབ་སྲིད་སྙན་སྒྲོན་ཕུལ་བ་མ་ཟད། སྙན་སྒྲོན་ནང་གི་གནད་དོན་ཁག་གཅིག་དང་དེ་བཞིན་གནད་དོན་གཞན་དག་ལ་ངག་ཐོག་ནས་སྙན་སྒྲོན་རིང་པོ་ཞིག་གནང་བ་རེད། ཀྲུའུ་ཏེས《བཅིངས་འགྲོལ་དམག་གི་གཡུལ་ས་གླེང་བ》ཞེས་པའི་དམག་དོན་སྙན་སྒྲོན་དང་དམག་དོན་གནད་དོན་གྲོས་བསྡུར་སྐོར་གྱི་བསྡོམས་ཚིག་གནང་བ། ལིའུ་ཧྲའོ་ཆིས《ཏང་གི་སྒྲིག་ཡིག་བཟོ་བཅོས་རྒྱག་རྒྱུའི་སྐོར་གྱི་སྙན་སྒྲོན》དང་རྩ་འཛུགས་གནད་དོན་གྲོས་བསྡུར་སྐོར་གྱི་བསྡོམས་ཚིག་གནང་བ། ཀྲོའུ་ཨེན་ལའེ་ཡིས《འཐབ་ཕྱོགས་གཅིག་གྱུར་གླེང་བ》ཞེས་པའི་གསུང་བཤད་གལ་ཆེན་གནང་བ་རེད།

(མུ་མཐུད་འགོད་རྒྱུ)